༢༠༡༠ ཟླ་ ༡༡ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་བྷུར་ཡར་བཅའ་བཞུགས་ནང་པའི་གཙོ་འཛིན་ཡེ་ཤེས་བློ་གྲོས་རིན་པོ་ཆེ་མཆོག་དང་། ཏེ་ལོ་རིན་པོ་ཆེ་མཆོག བོད་སྐྱོབ་ཐེབས་རྩ་ཚོགས་པ་སོགས་ཨུ་རུ་སུའི་དད་ལྡན་མི་མང་ཚོ་ཁག་གཅིག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༣༠ ནས་ ༢ བར་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨུ་རུ་སུའི་ཁོངས་གཏོགས་དད་ལྡན་ཆོས་ཞུ་བ་གཙོ་བོ་གྱུར་བའི་ཕྱི་ནང་མི་མང་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དང་། གསང་བ་འདུས་པའི་བཀའ་དབང་བཅས་ཀྱི་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད།
དེ་ཡང་གོང་ཚེས་ཉིན་ཡེ་ཤེས་བློ་གྲོས་རིན་པོ་ཆེ་མཆོག་དང་། བོད་སྐྱོབ་ཐེབས་རྩ་ཚོགས་པའི་སྐུ་ཚབ་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤོས་སྣེས་སྔོན་བསུས་ཏེ་ཕོ་བྲང་ནས་གདན་ཞུས་ཀྱིས་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་གསང་བ་འདུས་པའི་སྒྲུབ་གཞག་སྔོན་དུ་སོང་བའི་སྒོ་ནས་ཆུ་ཚོད་ ༨།༣༠ ཐོག་ཨུ་རུ་སུའི་གྲོས་ཚོགས་ཀྱི་འཐུས་མི་བཞི་དང་། ཁ་ཛག་སི་ཐན་གྱི་དཔལ་འབྱོར་བློན་ཆེན། ཀལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་ཟུར་པ། དེ་བཞིན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཁུལ་ཀལ་མུཀ་དང་། ཐུ་ཝ། བྷུར་ཡ། ཁ་ཛག་ཀིསི་ཐན་སོགས་ནས་དད་ལྡན་ཆོས་ཞུ་བ་མི་གྲངས་ ༡༠༣༥ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ ༥༤ ནས་བཅར་བའི་དད་ལྡན་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་ ༦༠༠༠ བརྒལ་བ་རྣམས་ལ་ཐོག་མར་ནང་ཆོས་ངོ་སྤྲོད་མཛད་དོན། དེ་རིང་འདིར་རུ་སུའི་ཁོངས་ཀྱི་སོག་རིགས་ཚོ་དང། དེ་བཞིན་རུ་སུ་ནས་མི་རིགས་དཀར་པོ་ཡང་གང་ཙམ་ཞིག་འདིར་བསླེབས་ཡོད། དེ་རིང་ཆོས་འབྲེལ་བྱེད་རྒྱུའི་ཡུལ་གཙོ་བོ་དེ་ཁྱེད་རང་ཚོ་དེ་དག་ཆགས་ཡོད། དེ་བཞིན་རྒྱ་རིགས་གང་ཙམ་ཞིག་ཡོད་ས་རེད། ནམ་རྒྱུན་འཆར་ཅན་ཡོང་མཁན་ཆོས་གྲོགས་ཕྱི་རྒྱལ་བ་གང་ཙམ་ཞིག་བསླེབས་འདུག་པ་དང། བོད་རིགས་ཚོ་བཅས་ལ་དེ་རིང་ཆོས་འབྲེལ་ཞུ་རྒྱུ་དེ་ལོ་ཤས་སྔོན་ཨུ་རུ་སུ་ནས་ཚུར་ནང་ཆོས་དོན་གཉེར་བྱེད་མཁན་ཚོ་ཚུར་ཡོང་རྒྱུ་བྱས་པ་རེད། ཡེ་བློ་རིན་པོ་ཆེ་ནས་གསང་བདེ་འཇོགས་གསུམ་གྱི་དབང་ཞིག་བྱུང་ན་ཞེས་གསུངས་པ་རེད། ན་ནིང་འཇིགས་བྱེད་ཀྱི་དབང་བྱས་པ་རེད། འདི་ལོ་གསང་བ་འདུས་པའི་དབང་ཞིག་བྱས་ན་ཞེས་སྐད་ཆ་བྱུང། རྗེས་སུ་བདེ་མཆོག་གི་དབང་ཞིག་བྱ་རྒྱུ་བྱུང་ན། དེ་རིང་འདིར་གསང་བ་འདུས་པའི་དབང་བྱེད་རྒྱུ་རེད།དེ་རིང་ཕྱི་དྲོ་གསང་བ་འདུས་པའི་དབང་གི་སྟ་གོན་དང། སང་ཉིན་དབང་དངོས་གཞི། དཀྱིལ་འཁོར་དུ་བཞུགས་ནས་དབང་བཀུར་བར་སྤྱིར་བཏང་བླ་མེད་ཀྱི་དབང་བཞི་ཡོད། དབང་དང་པོ་ནི་བསྐྱེད་རིམ་སྨིན་ཆེད་ཡིན། དབང་ཕྱི་མ་གསུམ་པོ་རྫོགས་རིམ་སྨིན་ཆེད་ཆགས་ཡོད། གང་ལྟར་ང་རང་ཚོ་དངོས་ཡོད་གནས་ཚུལ་ལ་བསྐྱེད་རིམ་སྒོམ་རྒྱུ༜་བྱུང་ན་ཨང་དང་པོ་རེད། ང་ཚོ་གསང་སྔགས་ཀྱི་ལམ་ཉམས་ལེན་བྱེད་མཁན་ངོ་ཐོག་ཅིག་ཡིན་ན་བསྐྱེད་རིམ་སྒོམ་རྒྱུའི་མཚམས་དེ་རེད། དེའི་སྔོན་ལ་ཐུན་མོང་ལམ་སྦྱང་དེ་དག་གི་བློ་ཞིག་སྦྱང་དགོས། དེ་ནས་སྔགས་ལམ་གྱི་ཉམས་ལེན་བྱེད་སྐབས་བསྐྱེད་རིམ་སྔོན་ལ་ཉམས་ལེན་བྱས་ནས་བསྐྱེད་རིམ་གྱི་མྱོང་བ་གང་ཙམ་ཞིག་ཡོད་པ་ཞིག་གི་རྫོགས་རིམ་ཉམས་ལེན་བྱེད་རྒྱུ་རེད། དེར་བརྟེན་སྔར་རྒྱ་གར་ལ་ཡིན་ནའང་དབང་གནང་སྐབས་སྔོན་ལ་བུམ་དབང་བཀུར་ནས་བསྐྱེད་རིམ་སྒོམ། དེ་ནས་བསྐྱེད་རིམ་གྱི་རྟོགས་པ་གང་ཙམ་གདེང་མཐོ་པོ་ཆགས་ཏེེ་དམིགས་པ་བྱེ་བྲག་པ་ཞིག་ལ་བློ་གཏད་པ་དེ་ཙམ་གྱི་ཏིང་ངེ་འཛིན་བརྟན་པོ་ཡོད་པའི་སྐབས་རྩ་རླུང་ཐིག་ལེ་ལ་གནས་སུ་སྨིན་རྒྱུར་ཉམས་ལེན་བྱེད་རྒྱུ་རེད། དེ་ནས་རྫོགས་རིམ་གྱི་ཉམས་ལེན་བྱེད་རྒྱུ་དེ་དག་གཞི་ནས་ཡོང་རྒྱུ་རེད། གསང་བ་འདུས་པར་ཆ་བཞག་ན་རྫོགས་རིམ་རིམ་པ་ལྔ་ཡོད། ཅེས་སོགས་ཀྱི་བཀའ་ཆོས་སྩལ་ཡོད།
ཉིན་གྲངས་གསུམ་རིང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། གསང་བ་འདུས་པའི་བཀའ་དབང་སྩལ་འགོ་ཚུགས་པ་དེ་དག་དབྱིན་སྐད་དང་། རྒྱ་སྐད། ཨུ་རུ་སུའི་སྐད་སོགས་སུ་གསུང་བསྒྱུར་ཞུ་བཞིན་འདུག་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ཚོར་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་དབུ་འཛུགས་བསྐྱངས་པ།
གསར་གནས།
འབྲེལ་གནས།