༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་བོད་གཞུང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཕྱི་སྲིད་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་བོད་རྒྱ་གྲོས་མོལ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཉན་ཞིབ་ཆེད། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས། ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤྭ་བསྟན་འཛིན་ཕུན་ཚོགས་ལགས་རྣམ་པ་གསུམ་མགྲོན་འབོད་ཞུས་པ་ལྟར། ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་སུ་ཆེད་བཅར་གྱིས་ཉན་ཞིབ་ཚོགས་འདུའི་ཐོག་བོད་དོན་སྙན་སེང་དང་དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་གནང་ཡོད། ཐེངས་འདིའི་ཉན་ཞིབ་ཚོགས་འདུ་གཙོ་སྐྱོང་གནང་མཁན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ཕྱི་སྲིད་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ (Michael Danby) མཆོག་ཡིན་པ་རེད། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་ཕྱི་སྲིད་ཚན་པའི་འགན་འཁུར་མི་སྣ་གཙོས། གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་མི་གྲངས། ༡༠ ལྷག་ཙམ་ཐེངས་འདིའི་བོད་དོན་སྐོར་གྱི་ཉན་ཞིབ་ཚོགས་འདུར་ཚོགས་བཅར་ཞུས་ཡོད་པ་རེད། དེ་ཡང་ཐེངས་འདིའི་ཚོགས་འདུའི་སྟེང་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་༸གོང་ས་མཆོག་གི་དབུ་མའི་ལམ་གྱི་མཛད་བྱུས་དང་བོད་རྒྱའི་དབར་གྱི་འབྲེལ་ལམ་སྐོར་སྙན་སེང་ཞུས་རྗེས་ཚོགས་བཅར་བ་རྣམས་ནས་བོད་ནང་གི་ཁོར་ཡུག་དང་ཆུའི་གནད་དོན། བོད་ནང་འབྲུག་ཆུའི་གནོད་འཚེ་འབྱུང་རྐྱེན་སྐོར་དང་། བོད་ནང་རྒྱ་མི་ཕོན་ཆེ་གནས་སྤོས་བྱས་པ། ༸གོང་ས་མཆོག་གིས་འདི་ལོའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་ལིའུ་ཞའོ་པོ་ལ་འཚམས་འདྲི་མཛད་པའི་སྐོར་དང་། ཉེ་སྔོན་༸གོང་ས་མཆོག་གིས་རྒྱ་གར་གྱི་བརྙན་འཕྲིན་བརྒྱུད་ལམ་གྱི་བཅའ་འདྲི་དང་ལེན་མཛད་པའི་སྐབས་མགོན་པོ་གང་ཉིད་མཆོག་ཟླ་ཤས་ནང་རྒན་ཡོལ་དུ་ཕེབས་རྒྱུ་ཡིན་ཞེས་བཀའ་ལན་སྩལ་ཡོད་པའི་གནད་དོན་སོགས་ཀྱི་དྲི་བ་ཁག་ལ་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དང་། སྐུ་སྒེར་དྲུང་ཆེ། ཕྱི་དྲིལ་དྲུང་ཆེ་བཅས་ལྷན་རྒྱས་ནས་ལན་འདེབས་དང་གསལ་བཤད་གནང་ཡོད་པ་རེད།
གསར་གནས།
འབྲེལ་གནས།