༢༠༡༧ ཟླ་ ༡༡ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༤ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་དརྨ་ཤཱ་ལའི་གཞུང་གི་མཐོ་སློབ་ཀྱི་ཚོགས་ཁང་དུ་ཧར་ཡ་ན་མངའ་སྡེའི་ནང་རྟེན་གཞི་བྱས་པའི་རྒྱ་གར་ཧིན་དུའི་རིག་བྱེད་མཐའ་པའི་ལྟ་གྲུབ་རྗེས་འཛིན་པའི་བསྟི་གནས་ཁང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང
དེ་ཡང་ཐོག་མར་ལྷན་ཚོགས་གོ་སྒྲིག་ཞུ་མཁན་གྱི་ཚོགས་གཙོ་དང་རིག་བྱེད་མཐའ་པའི་བསྟི་གནས་ཁང་གི་ངེས་སྟོན་པ་སྐུ་ཞབས་ཀེ་ཝ་སུ་དེ་བ་རའོ་ K.Vasudeva Rao མཆོག་གིས་ཕེབས་བསུའི་གསུང་བཤད་གནང་རྗེས་རྒྱ་གར་མཐོ་སློབ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཨེ་མེ་ཊི་གཙུག་ལག་སློབ་གཉེར་ཁང་ Amity University གི་ཉེ་བའི་རིགས་བདག་ Vice Chancellor སྐུ་ཞབས་པི་ཝི་ཤརྨ་ P.V Sharma ལགས་ཀྱིས་གསུང་བཤད་གནང་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་སྩལ་དོན།
རྩེ་བའི་ཆོས་གྲོགས་ཕོ་མོ་རྣམ་པ། དེ་རིང་ལྷན་ཚོགས་འདིར་བཅར་རྒྱུ་བྱུང་བ་དགའ་པོ་བྱུང་། ངོས་ཀྱིས་གཏམ་བཤད་བྱེད་སྐབས་འདྲ་ཆགས་པོ་བྱ་རྒྱུ་དགའ་པོ་མེད། འདིར་ཕེབས་མཁན་ཁྲོད་ལོ་ན་ ༣༠ མན་རྣམས་དུས་རབས་ ༢༡ མི་རབས་རེད། ལོ་ན་ ༣༠ ཡན་རྣམས་དུས་རབས་ ༢༠ མི་རབས་ཡིན། དུས་རབས་ ༢༠ དེ་བཞིན་འཚེ་བའི་དུས་རབས་ཤིག་ཆགས་པ་རེད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ། གཞན་ཡང་ཉིན་ལྟར་རླུང་འཕྲིན་དང་གསར་ཤོག་སོགས་ནང་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཤ་སྟག་ཡོང་བཞིན་ཡོད་པར་བརྟེན་དེ་སྔ་དུས་རབས་ ༢༠ ནང་དཀའ་རྙོག་ཡོད་ཚད་དྲག་པོའི་སྟོབས་ཤུགས་ཀྱི་ལམ་ནས་སེལ་ཐུབ་རྒྱུ་ཡིན་པའི་རྨོངས་འཆར་འདི་དུས་རབས་ ༢༡ ནང་མུ་མཐུད་གནས་ཡོད།
ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་ཞི་རྩའི་མིའི་རང་བཞིན་ལྷན་སྐྱེས་འཚེ་མེད་ཞི་བ་ཡིན་པ་ར་སྤྲོད་ཐུབ་ཡོད། ང་ཚོ་ཐོག་མར་མའི་མངལ་ནང་ཡོད་པའི་གནས་སྐབས་སུའང་མ་དེ་ཁོང་ཁྲོ་ལང་པ་ཡིན་ན་མངལ་ནང་ཡོད་པའི་ཕྲུ་གུ་དེར་ཧ་ཅང་གནོད་ཀྱི་ཡོད་པ་གསལ་པོ་ཤོད་ཀྱི་འདུག དེ་ནས་ཕྲུ་གུ་བཙས་རྗེས་མའི་བྱམས་བརྩེའི་འཚོ་བས་བསྐྱངས་ནས་ཡོང་དགོས། དེར་བརྟེན་བྱམས་བརྩེའི་འཚོར་བ་ང་ཚོར་ཆུང་དུས་ནས་མྱངས་ཡོད། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་དེ་ལྟར་བྱས་ནས་ཡོང་བ་རེད།
ངོས་རང་མི་སུ་དང་ཐུག་སྐབས་ལུས་ལ་གོས་རྫིག་པོ་མེད་ཀྱང་མདོང་ལ་འཛུམ་མདངས་ཡོད་ན་རང་བཞིན་གྱིས་སེམས་ཐག་ཉེ་པོ་ཡོང་བཞིན་འདུག བཟང་སྤྱོད་ཀྱི་མ་འདང་བར་བརྟེན་སྐབས་རེ་ཆོས་དེའང་རྙོག་གྲ་བཟོ་གཞི་ཞིག་ཆགས་བཞིན་ཡོད། གཞི་རྩའི་བཟང་སྤྱོད་ཀྱི་ལྟ་གྲུབ་བརྗོད་སྐབས་གཞན་གྱི་བདེ་སྡུག་ལ་བསམ་བློ་གཏོང་རྒྱུ་དང་། གཞན་ལ་བྱམས་བརྩེ་བྱ་རྒྱུ་དེ་རེད། བྱམས་བརྩེའི་བསམ་བློ་ཡོང་བར་ངེས་པར་དུ་འཇིག་རྟེན་བཀོད་པ་པོ་ཁས་ལེན་མི་དགོས། འཛམ་གླིང་མི་འབོར་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མར་བྱམས་བརྩེའི་ཉམས་ལེན་བྱ་རྒྱུའི་ནུས་པ་ལྡན་ཡོད། ལྷག་པར་ཆོས་ཁས་ལེན་མི་བྱེད་མཁན་མི་འབོར་ཐེར་འབུམ་གཅིག་ཡོད། ཆོས་ཁས་ལེན་བྱེད་མཁན་མི་འབོར་ཐེར་འབུམ་དྲུག་ཡོད་ཁོངས་ནས་ཀྱང་ཆོས་མིན་གྱི་ལས་ཀ་བྱེད་མཁན་མི་ཉུང་བ་ཞིག་ཡོད། རྙོག་གྲ་བཟོ་མཁན་མང་ཆེ་བ་ཆོས་ཁས་ལེན་བྱེད་མཁན་ཁྲོད་ནས་ཡོང་བཞིན་ཡོད། དེར་བརྟེན་ད་ཆ་ང་ཚོས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་བ་བརྒྱུད་བྱམས་བརྩེ་སྤེལ་ཐབས་བྱེད་དགོས། ཞེས་དང་། ཡོ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་བསྔགས་བརྗོད་དང་སྦྲགས། རྒྱ་གར་དང་རྒྱ་ནག ཉི་ཧོང་སོགས་ཨེ་ཤི་ཡའི་རྒྱལ་ཁབ་ཆེ་ཁག་རྣམས་སྤྱི་མཐུན་ཚོགས་པ་བཟོ་ཐབས་བྱེད་དགོས་པ་དང་། དེ་བཞིན་ཨ་ཕི་རི་ཀ་དང་། ལེ་ཊིན་ཨ་ཕི་རི་ཀ་སོགས་སུའང་སྤྱི་མཐུན་ཚོགས་པ་བཟོ་གལ་ཆེ་སྐོར་དང་། དེ་འདྲ་བཟོ་ཐུབ་ཚེ་ཆབ་སྲིད་ཀྱི་ས་མཚམས་མེད་པར་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་བརྟེན་ནས་ཕན་ཚུན་འཆམ་མཐུན་ངང་གནས་རྒྱུ་མ་ཟད། རིམ་བཞིན་རྡུལ་ཕྲན་མཚོན་ཆས་མཚོན་གོ་མཚོན་རྣམས་རྩ་མེད་དུ་གཏོང་ཐབས་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཞུ་སླད་སྲོལ་རྒྱུན་གྱི་གོས་གཟན་དང་ཕྱག་རྟགས་སྤྱན་འབུལ་ཞུས་པ་དང་སྦྲགས་༸གོང་ས་མཆོག་གིས་དཔེ་དེབ་དང་འོས་སྡེར་ཁག་ཅིག་དབུ་འབྱེད་མཛད་རྗེས་མཛད་སྒོ་ལེགས་པར་གྲུབ་ཡོད།
ཐེངས་འདིར་ཚོགས་བཅར་བ་སྟོང་ཕྲག་བརྒལ་བ་ཕེབས་ཡོད་པ་མ་ཟད། རྡ་སའི་ཉེ་འགྲམ་སློབ་གྲྭ་དང་མཐོ་སློབ་ཁག་ ༡༤ དང་། དེ་བཞིན་བོད་ཀྱི་སྨན་རྩིས་ཁང་དང་རྡ་གཤོད་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་མ་སོགས་ཕེབས་ཡོད་པ་བཅས།།