ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༣ ཉིན་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༥༧ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་སོང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། སྦྱིན་བདག་དང་སྐུ་མགྲོན་རྣམ་པ། བོད་ཁྱིམ་སློབ་གྲྭ་གཞན་ཁག་ནས་ཕེབས་པའི་དགེ་ལས་སློབ་ཕྲུག་རྣམ་པ། མི་མང་བཅས་ལྷན་འཛོམས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་མི་རིགས་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་རྗེས་དྲན་ཆེད་ངག་བཅད་གུས་འདུད་སྐར་མ་གཅིག་རིང་ཞུས་གྲུབ་མཚམས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་།
དེ་རྗེས་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་འབྲེལ་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་ཞུས་གྲུབ་བསྟུན། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། གོང་དུ་བོད་ཁྱིམ་འགན་འཛིན་གྱིས་འདི་ལོ་དང་ལོ་ངོ་ ༥༧ རིང་བོད་ཁྱིམ་སློབ་གྲྭ་བརྒྱུད་དེ་ཤེས་ཡོན་ཐོག་ནས་སྤྱི་ཚོགས་སྤྱི་ཡོངས་ནང་ཡར་རྒྱས་གང་འདྲ་འགྲོ་ཡོད་སྐོར་ལས་བསྡོམས་སྙན་སྒྲོན་ཞུས་པ་མ་ཟད། ལས་བསྡོམས་ནང་གང་ཅིའི་ཐོག་ནས་བོད་མིའི་སྒྲིག་འཛུགས་དང་ཕྱི་ལ་ཡིན་ནའང་བོད་ཁྱིམ་ནས་ཐུགས་ཕན་གསོ་པའི་ཞབས་ཞུ་གནང་གི་ཡོད་པ། གྲུབ་འབྲས་སྨིན་པའི་ཞབས་ཞུ་གནང་གི་ཡོད་པ། གཙོ་ཆེ་ཤོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཞིར་བཟུང་ད་ལྟ་བར་དུ་ཤར་བསྐྱོད་གནང་ཡོད་ཅེས་ལས་བསྡོམས་ནང་གསལ་པོར་བཀོད་པ་དེར་བཀའ་ཤག་གི་ཚབ་བྱས་ཏེ་བསྐྱར་དུ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༥༧ འཁོར་བའི་དུས་ཆེན་གྱི་མཛད་སྒོའི་བརྗོད་གཞི་ཡིན་ནའང་ཆོས་ལ་མ་བརྟེན་པའི་བཟང་སྤྱོད། གཙོ་བོ་བྱམས་སྙིང་རྗེ་ཟེར་བ་དེ་དུས་དང་རན་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་བརྗོད་གཞི་གཏན་འཁེལ་བ་འདི་ཧ་ཅང་ཡག་པོ་བྱུང་འདུག གང་ལ་ཞེ་ན་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་དེ་འཛམ་གླིང་ཡོངས་ནང་དོ་སྣང་གནང་གི་ཡོད་པ་མ་ཟད། སློབ་གྲྭ་ཁག་ནང་ལ་ཡིན་ནའང་སློབ་ཚན་འཁྲིད་རྒྱུ་འགོ་ཚུགས་ཚར་བ་རེད། དེ་འདྲ་ཡིན་དུས་ང་ཚོའི་སློབ་གྲྭ་ཁག་གི་ནང་ལ་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ངོ་སྤྲོད་བྱ་རྒྱུ་དེ་ཕྱི་མ་དྲག་ནའང་སྔ་དྲག་མེད། དེ་རིང་གི་བརྗོད་གཞི་བརྒྱུད་ནས་མི་མང་ནང་ལ་ཡིན་ནའང་བགྲོ་གླེང་ཡོང་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད། ངའི་འགན་དེ་སྲིད་དང་འཛིན་སྐྱོང་གཙོ་བོ་ཡིན་ནའང་། དེ་སྔ་བླ་ཆེན་མང་པོ་ཞིག་༧གོང་ས་མཆོག་གི་གཟིམ་ཆུང་མཇལ་བའི་སྐབས་བླ་ཆེན་ཚོགས་ཆེན་རེད་འདུག གང་འདྲ་བྱེད་དགོས་རེད་ཅེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞུས་པའི་སྐབས་མགོན་པོ་གང་ཉིད་མཆོག་གིས་ཁྱེད་རང་ཆོས་གང་ཡང་ཤེས་ཀྱི་མེད་པར་མ་ཤེས་ཤེས་མདོག་མ་བྱེད་ཅེས་དང་། ཁྱེད་རང་གིས་ཆབ་སྲིད་དང་འཛིན་སྐྱོང་དང་འབྲེལ་བའི་སྐོར་བཤད་ན་དྲག་གི་རེད་ཅེས་བཀའ་གནང་བ་དེ་དངོས་གནས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན།
སྤྱིར་འཛམ་གླིང་ནང་དེང་དུས་ཀྱི་ཤེས་ཡོན་ལག་བསྟར་བྱས་ནས་ལོ་བརྒྱ་ཕྲག་མང་པོ་འགྲོ་གི་ཡོད་ནའང་མཐའ་མའི་གྲུབ་འབྲས་དེ་འཛམ་གླིང་ནང་ལ་དམག་འཁྲུག་མང་པོ་དང་། ཞི་བདེ་ལྷིང་འཇགས་མེད་པ། གང་ཟག་སྒེར་ལ་ཆ་བཞག་ནའང་སེམས་ཁམས་རིག་པའི་ཐོག་ནས་མ་སྐྱིད་པ། ནང་མི་མ་འཆམ་པ། རྙོག་གྲ་མང་དག་ཅིག་བྱུང་བའི་རྒྱུ་རྐྱེན་གཙོ་བོ་གང་རེད་ཅེས་ཟེར་དུས། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་གཙོ་ཆེ་ཤོས་བཟང་སྤྱོད་དང་དེའི་ནང་ནས་གཙོ་བོ་བྱམས་སྙིང་རྗེ་ཚང་གི་མེད། དེ་མིན་འཛམ་གླིང་ནང་འགོ་ཁྲིད་མང་དག་ཅིག་ཡོང་བཞིན་ཡོད། འགོ་ཁྲིད་རྙོག་གྲ་བཟོ་མཁན་དང་མི་གསོད་ཁྲག་སྦྱོར་བྱེད་མཁན། དཔེར་ན་མའོ་ཙེ་ཏུང་དང་། ཧི་ཌི་ལར་སོགས་ཀྱིས་འཛམ་གླིང་ལ་ཕན་ཐོགས་རྒྱུའི་ཚབ་ཏུ་གནོད་སྐྱོན་ཆེན་པོ་དེ་འདྲ་ཅིའི་ཕྱིར་བྱས་པ་རེད་ཅེས་དྲི་བ་སླེབ་ཡོང་དུས་ཁོ་ཚོར་དེང་དུས་ཀྱི་ཤེས་ཡོན་ཏན་ཏན་ཐོབ་ཡོད། འོན་ཀྱང་ཆུང་དུས་ནས་བཟང་སྤྱོད་ཀྱི་བསླབ་བྱ་མེད་པ། བྱམས་སྙིང་རྗེའི་གོ་རྟོགས་མེད་པར་བརྟེན་གཞན་ལ་ཕན་རྒྱུའི་ཚབ་ཏུ་གནད་སྐྱེལ་ཡོད། མདོར་བསྡུས་ན། བོད་ཁྱིམ་གྱི་རང་ལས་གཞན་གཅེས་ཟེར་བ་དེ་རེད། དེང་དུས་ཀྱི་ཤེས་ཡོན་གྱིས་གང་སློབ་བཞིན་ཡོད་ཅེ་ན། གཞན་ལས་རང་གཅེས་ཅེས་འགྲོ་བཞིན་ཡོད།
ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱིས་གང་བསླབ་བཞིན་ཡོད་ཅེ་ན། རང་ལས་གཞན་གཅེས་པའི་བསམ་བློ་གཏོང་ནས་འགྲོ་དགོས་ཀྱི་ཡོད། གང་ཟག་སྒེར་དང་། སྤྱི་ཚོགས་ཀྱི་འགོ་ཁྲིད། དེ་བཞིན་འཛམ་གླིང་གི་འགོ་ཁྲིད་ཡིན་ནའང་རང་ལས་གཞན་གཅེས་པའི་དགོངས་པ་བཞེས་པ་ཡིན་ན། འཛམ་གླིང་སྤྱི་ཡོངས་ལ་ཐུགས་ཕན་གསོ་པའི་ཞབས་ཕྱི་སྒྲུབ་ཐུབ་ཀྱི་ཡོད། དེར་བརྟེན་རང་ལས་གཞན་གཅེས་ཅེས་པ་དེ་གང་ནས་ཡོང་གི་ཡོད་ཅེ་ན། བྱམས་སྙིང་རྗེའི་ལྟ་བ་ནས་ཡོང་གི་ཡོད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་རྒྱ་ཆེན་པོ་བཞེས་ནས་འཛམ་གླིང་ཡོངས་ལ་ཁྱབ་པའི་ཆེད་དུ་གཙོ་ཆེ་ཤོས་བཟང་སྤྱོད་ཀྱི་བསླབ་བྱ་འདི་ནང་ཆོས་ནས་ཡོང་གི་ཡོད། འོན་ཀྱང་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་གསུང་པ་ཡིན་ན། འཛམ་གླིང་ཡོངས་ལ་ཁྱབ་ཆེ་བ་ཡོང་གི་རེད། དཔེར་ན། ཨ་རི་ལྟ་བུའི་ལུང་པ་འགའ་ཤས་ནང་ཆོས་དམིགས་སུ་བཀར་ནས་བརྟེན་པའི་བཟང་སྤྱོད་སྐོར་བསླབ་བྱ་གང་རྒྱག་པ་ཡིན་ནའང་། ཁྲིམས་འགལ་ཆགས་ཀྱི་ཡོད། ཆོས་དང་སྲིད་གཉིས་ཐ་དད་རེད། ཅེས་དབྱེ་བ་ཧ་ཅང་གསལ་པོ་ཕྱེ་ཡོང་དུས་ཆོས་དང་འབྲེལ་བའི་བཟང་སྤྱོད་བསླབ་པ་ཡིན་ན། ཁྲིམས་འགལ་རེད་ཟེར་ནས་རང་བཞིན་གྱི་འགོག་རྐྱེན་འཕྲད་སྟབས། ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ Secular Ethics གསུང་པ་རེད། འོན་ཀྱང་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་གང་རེད་ཅེ་ན། བྱམས་སྙིང་རྗེ་རེད། དེར་བརྟེན་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་དང་ནང་པ་སངས་རྒྱས་པའི་ཆོས་ལ་བརྟེན་པའི་བཟང་སྤྱོད་དབར་ཁྱད་པར་རྩ་བ་ཉིད་ནས་མེད། ཕྱིའི་རྣམ་པ་ཙམ་མ་གཏོགས་ནང་དོན་གཅིག་པ་རེད།
དེ་རིང་བོད་ཁྱིམ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༧ འཁོར་བའི་དུས་དྲན་མཛད་སྒོའི་བརྗོད་གཞི་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་དང་ དམིགས་བསལ་སྙིང་རྗེ་ཟེར་རྒྱུ་ནི་ཧ་ལས་པའི་ཡག་པོ་དང་དུས་ཐོག་ཆར་པ་ལྟ་བུ་རེད་འདུག འགོ་ཁྲིད་སུ་ཡིན་རུང་བྱམས་སྙིང་རྗེ་ཡོད་ན་གཞོན་སྐྱེས་དང་ཉམ་ཐག ནད་གཅོང་རིགས་ལ་ལྟ་རྟོགས་གནང་རྒྱུའི་འགན་ཡོད། དེ་བཞིན་བྱམས་སྙིང་རྗེ་ཟེར་དུས་ནུས་པ་དང་བློ་ཁོག་མེད་མཁན་མིན། སྙིང་སྟོབས་ནང་ནས་གཞུམ་པ་མེད་པའི་སྙིང་སྟོབས་དེ་གང་ནས་ཡོང་གི་ཡོད་བརྗོད་ན། བྱམས་སྙིང་རྗེ་གཞི་ལ་བཞག་པའི་སྙིང་སྟོབས་དེ་གཞུམ་པ་མེད་པའི་སྙིང་སྟོབས་རེད། གང་ཡིན་ཞེ་ན། དོ་བདག་སྒེར་གཙོ་བོར་གཞི་ལ་བཞག་པའི་ཐོག་ནས་སྙིང་སྟོབས་ཡོང་གི་མེད། སྤྱི་དང་འཛམ་གླིང་ཡོངས་ལ་རང་ལས་གཞན་གཅེས་པའི་སྙིང་སྟོབས་འདི་ཞུམ་པ་མེད་པའི་སྙིང་སྟོབས་ཡིན། འགོ་ཁྲིད་ཡིན་ནའང་བྱམས་སྙིང་རྗེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་བསྟུན་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་ཁྱིམ་ལས་བྱེད་ཞབས་ལོ་ཉི་ཤུ་འཁོར་བའི་ལས་བྱེད་རྣམས་ལ་གཟེངས་བསྟོད་དང་ཤེས་ཡོན་གྱི་བྱ་དགའ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ལོའི་རྡ་སྟེང་བོད་ཁྱིམ་གྱི་བུ་དང་བུ་མོའི་སློབ་མ་རྩེ་ཕུད་བུའི་སྤྱི་ཁྱབ་རྒན་བདག་དཔལ་ལྡན་བཀྲ་ཤིས་ལགས་དང་བུ་མོའི་སྤྱི་ཁྱབ་རྒན་བདག་བསྟན་འཛིན་མཚོ་མོ་ལགས་རྣམ་གཉིས་ལ་ལེགས་སྐྱེས་གཟེངས་བསྟོད་གནང་ཡོད། མཐར་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་དང་ལུས་རྩལ་སོགས་རྩེད་རྗེས་རྡ་སྟེང་བོད་ཁྱིམ་གྱི་ངེས་སྟོན་པ་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས།།