༢༠༡༠ ཟླ་ ༡༡ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༠ ཉིན་སེམས་དང་སྲོག་གི་སློབ་གཉེར་ཁང་གིས་(The Mind & Life Institute)གོ་སྒྲིག་དང། ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་མཆོག་གི་ཀུན་ཕན་བདེ་རྩ་ཚོགས་པ་(Foundation for Universal Responsiblity)དང་། བྷེང་ལོར་དུ་རྟེན་གཞི་བྱས་པའི་(National Institute of Advanced Studies, Bangalore) ཞེས་པའི་སློབ་གཉེར་ཁང། ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་བཅས་ཐུན་མོང་གིས་མཐུན་འགྱུར་གནང་བའི་སེམས་དང་སྲོག་གི་ལྷན་ཚོགས་དེ་(India Habitat
Centre) ཞེས་པའི་བསྟི་གནས་ཁང་གི་ཚོགས་ཁང་དུ་དབུ་འཛུགས་ཀྱིས་དབུ་འབྱེད་ཀྱི་མཛད་སྒོ་ཀུན་ཕན་བདེ་རྩའི་དབུ་འཛིན་རཱ་ཇིཝ་མེ་རོ་ཏཱ་ར་(Rajiv Mehrotra)ལགས་ཀྱིས་ལྷན་ཚོགས་གཙོ་སྐྱོང་གནང་ཡོད། དེ་བཞིན་རྒྱ་གར་གྱི་རྣལ་འབྱོར་མཁས་དབང་བྷི་ཀེ་ཨེས་ཨ་ཡེན་གྷར་BKS Iyengar ལགས་ཕེབས་ཡོད། དེ་ཡང་གོང་ཚེས་ཉིན་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་ཐོབ་སྟེ་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་ནང་ཆོས་ནས་གསུངས་པའི་ལུས་སེམས་ཀྱི་འབྲེལ་བའི་སྐོར་ལ་འགྲེལ་བརྗོད་མཛད་དོན། བོད་ཀྱི་ནང་ཆོས་ནས་ལུས་དང་སེམས་ཀྱི་འབྲེལ་བའི་སྐོར་ལ་ཞིབ་རྒྱས་གསུངས་ཡོད། དེ་བཞིན་སེམས་ནང་བདེ་བ་བསྐྲུན་ཆེད་ཉོན་མོངས་སྤོང་དགོས། ཉོན་མོངས་སྤོང་བར་ལམ་གྱི་རིམ་པ་སྒོམ་སྒྲུབ་བྱེད་སྟངས་སོགས་ཀྱི་སྐོར་ལ་གསལ་སྟོན་མཛད་ཡོད། ཕྱོགས་མཚུངས་རྒྱ་གར་གྱི་རྣལ་འབྱོར་པ་མཁས་དབང་བྷི་ཀེ་ཨེས་ཨ་ཡེན་གྷར་ལགས་ཀྱིས་རྣལ་འབྱོར་བའི་གྲུབ་མཐའི་ནང་ལུས་དང་སེམས་ཀྱི་འབྲེལ་བའི་ཐོག་ནས་ལུས་སྦྱོང་བྱས་ཏེ་སྒོམ་རྒྱག་རྒྱུ་དང། རྣལ་འབྱོར་བའི་ལྟ་གྲུབ་ཐོག་ནས་ནང་སེམས་ཀྱི་རྣམ་གཞག་གང་འདྲ་ཞིག་ལ་འཇོག་གི་ཡོད་མེད་སྐོར་གསུང་བཤད་གནང་ཡོད། ཉིན་བཞིའི་རིང་གི་ལྷན་ཚོགས་ཐོག་བགྲོ་གླེང་གནང་མཁན་ཁོངས་སུ་ནུབ་ཕྱོགས་དང་རྒྱ་གར་གྱི་ཚན་རིག་པ། རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་སྨྲ་བ། རྣལ་འབྱོར་གྱི་སྲོལ་རྒྱུན་དང་ཕྱི་རོལ་བའི་སྲོལ་རྒྱུན་སོགས་ཀྱི་ཐོག་ལྟ་གྲུབ་སྨྲ་བ། རིག་བྱེད་སྨྲ་བ། ཉམས་ལེན་པ་མང་དག་ཅིག་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས།།