༢༠༡༧ ཟླ་ ༡༠ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༧ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དརྨ་ཤཱ་ལའི་ཉེ་འགྲམ་དུ་ཆགས་པའི་པེ་ཝི་ལི་ཡོན་གསོལ་མགྲོན་ཁང་ The Pavilion དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཐོག་བཀའ་སློབ་སྩལ་དོན།
ཆོས་ཕྱོགས་ནས་བཤད་ན་བཅོམ་ལྡན་འདས་ཀྱི་ལུང་གིས་བཟིན་པ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་། གངས་ལྗོངས་ཀྱི་ཞིང་། གང་ལྟར་ལོ་རྒྱུས་ཐོག་ནས་དངོས་གནས་གཟི་བརྗིད་ཡོད་པ་ཞིག་ཆགས་ཡོད། རྒྱ་ཧོར་བོད་གསུམ་ཞེས་ཡོངས་གྲགས་རེད། བོད་སིལ་བུར་ཆགས་རྗེས་རིམ་བཞིན་ཉམས་གུད་ཕྱིན་ནས་དེ་སྔ་ང་རང་ཚོའི་བོད་ཀྱི་བླ་དཔོན་ཚོས་ཀྱང་སོ་སོའི་ཁ་ཐུག་ངོ་གདོང་གི་གནས་སྟངས་ཙམ་ལས་རྒྱ་ཆེན་པོའི་བསམ་བློས་མ་འདང་བ་ཕལ་ཆེར་གསལ་པོ་རེད།
དེ་ལྟ་ནའང་ང་ཚོའི་མི་རིགས་འདི་དབུས་གཙང་། མདོ་སྟོད་སྨད་གང་ལྟར་བོད་རིགས་ཡོངས་རྫོགས་བཀའ་འགྱུར་བསྟན་འགྱུར་ཞེས་དཔེ་ཆ་དེ་དག་འོག་ལ་གཅིག་གྱུར་བྱེད་ནས་སོ་སོའི་ཆོས་དང་རིག་གཞུང་འགྲེལ་བཤད་རྒྱག་ཡག་དེ་ཡང་ང་རང་ཚོའི་སྐད་ཡིག་ཟུར་དུ་ཡོད་པ། དེའི་ཐོག་ནས་ཆབ་སྲིད་ཀྱི་གནས་སྟངས་འདྲ་མིན་བྱུང་ཡང་ང་རང་ཚོའི་མི་རིགས་གཅིག་གྱུར་བྱས་ནས་བསྡད་པ་རེད། ད་ལྟའི་གནས་སྟངས་ལ་མཚོན་ནའང་ང་ཚོ་དཀའ་ངལ་འོག་གནས་ཡོད། འོན་ཀྱང་འདས་པའི་ལོ་སྟོང་ཕྲག་འགའ་ཤས་རིང་ང་ཚོ་བོད་མིའི་སྙིང་སྟོབས་དང་རྣམ་དཔྱོད་དེས་ལོ་ལྔ་བཅུ་དྲུག་བཅུའི་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་ཐུབ་རྒྱུ་རེད།
རིག་གནས་གསར་བརྗེའི་སྐབས་རྒྱ་མིས་སྲིད་བྱུས་ལྡན་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་བྱས་ཡོད། སྐབས་རེ་དྲག་པོའི་སྟོབས་ཤུགས་བེད་སྤྱོད་བྱས་ནས་འཛིན་བཟུང་བཀག་ཉར་དང་མནར་གཅོད་སོགས་བཏང་ཡོད། ཕྱོགས་མཚུངས་བོད་མིའི་བསམ་བློ་བཅོས་སྒྱུར་གཏོང་ཆེད་སློབ་གསོའི་ལས་འགུལ་ཡང་སྤེལ་བ་དང་། སྐབས་རེ་དངུལ་དངོས་ཀྱི་སླུ་ཐབས་བྱས་ཡོད། ཐབས་ལམ་བཟང་ངན་ཇི་འདྲ་བྱས་ཀྱང་འདས་པའི་ལོ་ངོ་དྲུག་བཅུའི་རིང་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་སྲ་བརྟན་ངང་མུ་མཐུད་གནས་ཐུབ་ཡོད།
གལ་ཏེ་གཞིས་ལུས་བོད་མི་ཚོར་སྙིང་སྟོབས་དེ་ཙམ་མེད་པ་ཡིན་ན་ངོས་ཀྱི་བསམ་པར་རྒྱ་ནག་གཞུང་གིས་བོད་ཐོག་སེམས་འཚབ་དེ་འདྲ་བྱེད་དགོས་པ་ཞིག་ཧ་ལམ་ཆགས་རྒྱུ་མ་རེད་བསམ་དྲན་གྱི་འདུག
དེ་ནས་ཕྱི་ལོ་ ༡༩༥༩ ལོར་རྒྱ་མིས་བོད་ས་བཙན་བཟུང་བྱེད་སྐབས་རྒྱ་ནག་དམར་ཤོག་འགོ་ཁྲིད་མཁྲེགས་འཛིན་སུས་ཀྱང་ལོ་ལྔ་བཅུ་ཕྱིན་པའི་རྗེས་བོད་ཀྱི་དཀའ་རྙོག་མ་སེལ་བར་ལྷག་རྒྱུ་རེད་བསམ་པའི་བསམ་བློ་འཁོར་མེད།
ལྷག་པར་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་ཚོའི་སྙིང་སྟོབས་ཧ་ལས་པ་རེད། འདི་དངོས་ཡོད་གནས་སྟངས་རེད། བོད་མི་རྣམས་རྒྱ་གར་དང་ཨ་རི། ཡུ་རོབ་སོགས་ས་གནས་གང་དུ་ཡོད་ཀྱང་ཤ་ཁྲག་རུས་གསུམ་བོད་མི་བྱས་ནས་སྡོད་རྒྱུ་རེད། དེ་ནམ་ཡང་རྗེད་རྒྱུ་མེད། བསྐྱེས་ནས་མ་འཆི་བར་བོད་མིའི་རྩ་དོན་ཆེད་འབད་བརྩོན་བྱ་རྒྱུ་འདི་ང་ཚོ་བོད་མི་ཚོའི་བཟང་སྤྱོད་ཀྱི་འགན་རེད།
བོད་དོན་རྒྱབ་སྐྱོར་བ་ཚོ་དང་ནམ་ཐུག་སྐབས་ངོས་ཀྱིས་ཁྱེད་རང་ཚོས་བོད་དོན་ལ་རྒྱབ་སྐྱོར་བྱེད་པ་དེ་བོད་ལ་རྒྱབ་སྐྱོར་བྱེད་པ་ཙམ་ཞིག་མ་རེད། དྲང་བདེན་ལ་རྒྱབ་སྐྱོར་བྱེད་པ་ཞིག་རེད། ཅེས་བརྗོད་ཀྱི་ཡོད། ང་ཚོའི་བོད་ཀྱི་གནད་དོན་འདི་དྲང་བདེན་གྱི་གནས་ཚུལ་ཞིག་ཡིན། རང་བཙན་འཐབ་རྩོད་བྱེད་མཁན་ཚོགས་པ་མང་པོ་ཡོད། ཕལ་ཆེ་བས་འཚེ་བའི་ཐབས་ལམ་ཐོག་ནས་འགྲོ་བཞིན་འདུག ང་ཚོ་བོད་མིར་མཚོན་ན་གནས་སྟངས་དཀའ་ལས་ཁག་པོ་ཇི་ཙམ་ཡོད་མིན་ལ་མ་ལྟོས་པར་ང་ཚོའི་ལྟ་གྲུབ་དེ་འཚེ་མེད་ཞི་བར་གཞི་བཅོལ་ཡོད།
རང་རྒྱལ་གཞན་ཕམ་གྱི་ཐོག་ནས་ང་ཚོས་འཐབ་རྩོད་བྱེད་ཀྱི་མེད། ང་ཚོས་ཕྱོགས་གཉིས་ཀར་ཕན་ཐོགས་ཡོང་རྒྱུར་བསམ་བློ་གཏོང་བཞིན་ཡོད། ཡུ་རོབ་སྤྱི་མཐུན་ཚོགས་པར་ངོས་ཀྱིས་ཧ་ཅང་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད། ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་རྒྱལ་ཁབ་འདྲ་མིན་ཡོད་མིན་ལ་མ་ལྟོས་པར་སྤྱིའི་ཁེ་ཕན་དེ་གཙོ་བོར་འཤིན་ནས་སྒྲིག་འཛུགས་དེ་བཙུགས་པ་རེད།
ངོས་ཀྱིས་སྒྲིག་འཛུགས་དེར་བསྔགས་བརྗོད་ཞུ་དགོས་པའི་རྒྱུ་མཚན་མང་པོ་ཡོད། ངོས་ཀྱིས་བསམ་པར་གལ་ཏེ་ཡུ་རོབ་སྤྱི་མཐུན་ཚོགས་པ་དེ་ཆགས་མེད་པའི་དབང་དུ་བཏང་བ་ཡིན་ན། འདས་པའི་ལོ་ངོ་བཅུ་ཕྲག་རིང་གཅིག་བྱས་ནས་སྒྲིག་འཛུགས་དེའི་ནང་གི་རྒྱལ་ཁབ་ཕན་ཚུན་དམག་འཁྲུག་ཤོར་ཡོད་སྲིད། སྒྲིག་འཛུགས་དེ་བཙུགས་པའི་ཉེར་ལེན་ལ་བརྟེན་ནས་དེའི་ནང་ཡོད་པའི་རྒྱལ་ཁབ་ཕན་ཚུན་དམག་རྒྱག་རྒྱུ་མིན་པ་ཐག་ཆོད་པ་ཞིག་རེད། འོན་ཀྱང་ཨིན་གཞུང་ཡུ་རོབ་སྤྱི་མཐུན་སྒྲིག་འཛུགས་ནས་ཕྱིར་འཐེན་བྱས་པ་རེད། རྒྱུ་མཚན་གང་ཡིན་མི་ཤེས།
སྐབས་རེ་ང་ཚོས་སེམས་ཚོར་ emotions ཤུགས་ཆེ་དྲགས་པའི་རྐྱེན་གྱིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་བཀོལ་སྤྱོད་དེ་ཙམ་ཡག་པོ་བྱེད་མ་ཐུབ་པའི་གནས་སྟངས་ཡོང་གི་ཡོད། དེར་བརྟེན་སྲིད་བྱུས་ནོར་བ་མང་པོ་ཞིག་དེའི་ཐོག་ནས་ཡོང་བཞིན་ཡོད།
ང་ཚོ་བོད་མི་ཚོས་ཀྱང་སེམས་ཚོར་ emotions ཧ་ཅང་ཤུགས་ཆེན་པོ་ཞིག་འཁྱེར་ནས་ལས་ཀ་བྱེད་རྒྱུ་མེད། རྒྱུ་མཚན་དང་དངོས་ཡོད་གནས་སྟངས་ལ་གཞིགས་ནས་ལས་ཀ་བྱེད་དགོས། ཨིན་ཇིའི་བསམ་བློ་གཏོང་སྟངས་དེར་ཏོག་ཙམ་དམིགས་བསལ་ཡོད། ཅེས་ཞལ་ཤོབ་མཛད་ནས་མུ་མཐུད་བཀའ་སློབ་སྩལ་དོན།
ངོས་ཀྱི་བསམ་པར་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་འདི་ཧ་ལས་པ་ཞིག་རེད་འདུག ངོས་ཀྱི་བསམ་བློ་དེར་གཞི་འཛིན་ནས་ཨུ་རུ་སུའི་རྒྱལ་ཁབ་དེའང་མཐར་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ནང་མཉམ་ཞུགས་ཐུབ་པ་དགོས་རྒྱུ་དང་།
ཕྱོགས་མཚུངས་གླིང་ཆེན་ཨ་ཕི་རི་ཀའི་ནང་དུའང་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དེ་འདྲ་ཞིག་འཛུགས་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་ལྷོ་ཕྱོགས་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པ་ལྟ་བུ་འཛུགས་ཐབས་བྱ་གལ་ཆེ་བ་དང་།
མཐར་ཨེ་ཤི་ཡའི་སྤྱི་མཐུན་ཚོགས་པ་འཛུགས་རྒྱུ་དེ་འདྲ་བྱུང་བ་ཡིན་ན་རྒྱ་དཀར་ནག་གཉིས་དང་། ཉི་ཧོང་། དེ་བཞིན་རྒྱལ་ཁབ་གཞན་བཅས་རིམ་བཞིན་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་གཅིག་འོག་མཉམ་གནས་ཐུབ་པ་བྱུང་ན་རིམ་བཞིན་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་ཐུབ་རྒྱུ་རེད། འདི་ནི་ངོས་ཀྱི་རེ་བ་དང་འཆར་སྣང་སྟོང་པ་ཞིག་ཡིན། གནས་སྟངས་དེའི་ཐད་ང་ཚོ་བོད་མི་ཚོས་བོད་མི་ས་ཡ་དྲུག་ཙམ་མ་ཟད། འཛམ་གླིང་སྤྱི་ལའང་ཞབས་འདེགས་ཕྲན་བུ་བསྒྲུབ་ཐུབ་ངེས་ཡིན། དང་ཐོག་དེར་ང་ཚོ་བོད་མི་ཚོས་གནས་སྟངས་དཀའ་ལས་ཁག་པོ་ཇི་འདྲ་ཞིག་འོག་དཀའ་སྡུག་མྱོང་བཞིན་ཡོད་མེད་ལ་མ་ལྟོས་པར་ང་ཚོས་གཉིས་ཕན་གྱི་བསམ་བློ་གཏོང་བཞིན་པ་དང་། རྒྱ་མི་རིགས་ལ་མཚོན་ནའང་དངོས་གནས་ཧ་ལས་པའི་ཡག་པོ་རེད། རླབས་ཆེན་གྱི་མི་རིགས་ཤིག་རེད། གནས་སྟངས་འདིའི་འོག་ནས་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་ཞིག་འཚོལ་ཐུབ་རྒྱུ་རེད་བསམ་པ་དྲན་གྱི་འདུག
ད་ལྟའི་རྒྱ་ནག་འགོ་ཁྲིད་མཁྲེགས་འཛིན་པ་ཚོར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་འདིས་བོད་མིའི་དཀའ་ངལ་ནམ་ཡང་སེལ་ཐུབ་རྒྱུ་མིན་པ་དེ་ང་ཚོས་ར་སྤྲོད་བྱེད་དགོས། ཇི་སྲིད་དངོས་ཡོད་གནས་སྟངས་ལ་འཚམས་པའི་སྲིད་བྱུས་ཤིག་ལག་བསྟར་མ་བྱས་བར་བོད་མིའི་དཀའ་ངལ་འདི་སེལ་ཐབས་མེད། གནས་སྟངས་འདིའི་འོག་ནས་བལྟ་སྐབས་ལྷན་ཚོགས་འདི་ལྟ་བུ་དང་། ལྷག་པར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་འདྲ་མིན་ནས་ཕེབས་པ་རྣམས་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད།
ངོས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཚོ་དང་ཐུག་སྐབས་ད་ལྟའི་རྒྱ་ནག་འགོ་ཁྲིད་མཁྲེགས་འཛིན་པ་ཚོའི་ཁྲོད་དུའང་བོད་ཀྱི་གནད་དོན་དེ་ཇི་ལྟར་གསལ་དགོས་མིན་ཐད་ཅི་བྱ་གཏོལ་མེད་ངང་གནས་ཡོད་སྐོར་བརྗོད་བཞིན་ཡོད། ཁོ་པ་ཚོས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེར་གྲུབ་འབྲས་བཟང་པོ་ཞིག་འཐོན་རྒྱུ་མེད་པ་ཤེས་ཀྱི་ཡོད། དུས་སྐབས་འདི་འདྲ་ཞིག་སྐབས་རྒྱལ་སྤྱིའི་རྒྱབ་སྐྱོར་བ་ཚོས་བོད་དོན་ཆེད་རྒྱབ་སྐྱོར་གནང་བ་འདི་ཧ་ཅང་ཕན་ཐོགས་ཆེན་པོ་ཞིག་འདུག
ལྷན་ཚོགས་འདི་ལྟ་བུ་ཁྱེད་རང་གིས་གོ་སྒྲིག་གནང་བ་རེད། ༼ཅེས་སྲིད་སྐྱོང་མཆོག་ལ་ཕྱག་བརྡ་མཛད། ༽ཧ་ཅང་ཡག་པོ་བྱུང་འདུག ཐུགས་རྗེ་ཆེ། ཞེ་བཀའ་སློབ་སྩལ་རྗེས་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་ཐོག་བཀའ་སློབ་སྩལ་རྗེས་ཚོགས་བཅར་བ་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་ཡོད་པ་བཅས།།