ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༣ རེས་གཟའ་སྤེན་པ།
༄༅། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༢ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བཞི་པའི་ལས་ཉིན་བཞི་པ་ཚོགས་གནང་སྟེ། ཐོག་མར་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱིས་ད་ཕན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཆེ་ཆུང་གང་ཡིན་དང་། དེ་བཞིན་དབུས་ས་ཡན་ལག་དང་བཅས་པས་རྒྱུན་འབྲེལ་གཙོ་བོ་རང་གི་སྐད་ཡིག་བེད་སྤྱོད་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་རྒྱབ་སྐྱོར་གནང་ཡོད། ཕྱོགས་མཚུངས་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དེའི་ཐོག་བགྲོ་གླེང་ལྷུག་པོ་གནང་མཐར་ཚད་མཐོའི་མང་མོས་རྒྱབ་སྐྱོར་ཐོབ་སྟེ་གྲོས་ཆོད་གཏན་འབེབས་གནང་ཡོད།
དེ་ཡང་སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། བོད་ཡིག་དང་བོད་སྐད་ནི་ང་ཚོ་མི་རིགས་ཀྱི་ངོ་བོ་དང་སྲོག་རྩ་ཡིན་སྐོར་གསུང་པ་དེ་དག་ཚང་མར་མོས་མཐུན་ཡོད་ཞེས་ཞུ་རྒྱུ་ཡིན། ད་བར་བོད་མིའི་སྒྲིག་འཛུགས་ནས་ཀྱང་དུས་རྟག་ཏུ་དབུས་ས་ཡན་ལག་དང་བཅས་པས་རྒྱུན་དུ་ཡིག་འབྲེལ་གཙོ་བོ་རང་གི་སྐད་ཡིག་ཐོག་ནས་ལག་བསྟར་བྱས་དང་བྱེད་མུས་ཡིན། དེ་བཞིན་གཞུང་འབྲེལ་མཛད་སྒོ་དང་གསུང་འཕྲིན་ཁག་ཚང་མ་བོད་ཡིག་ནང་ལག་བསྟར་བྱས་དང་བྱེད་མུས་ཡིན། བཀའ་ཤག་གིས་གཙོས་དབུས་ཀྱི་ལས་ཁུངས་ཁག་གི་ཡིག་འབྲེལ་རིགས་གཙོ་བོ་བོད་ཡིག་ཐོག་ཡིན་པ་མ་ཟད། ཁྱབ་ཁོངས་ས་གནས་ཀྱི་ལས་ཁུངས་ཁག་དང་ཡན་ལག་སྨན་ཁང་། སློབ་གྲྭ་ཁག་བཅས་ནས་ཀྱང་བོད་ཡིག་ཐོག་ཡིག་འབྲེལ་བྱས་དང་བྱེད་མུས་ཡིན་པ་མ་ཟད། ཤེས་ཡོན་ལྷན་ཚོགས་ནས་འཆར་གཞི་ཕུལ་བ་ལྟར་བཀའ་ཤག་ནས་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་ཡིག་གཙོ་བོར་བེད་སྤྱོད་གཏོང་དགོས་པའི་བཀོད་ཁྱབ་བཏང་ཟིན་སྟབས། བོད་ཡིག་ལག་བསྟར་བྱས་དང་བྱེད་མུས་ཡིན་ཞེས་ཞུ་རྒྱུ་ཡིན།
སྲིད་སྐྱོང་དང་བཀའ་བློན་རྣམ་པ་ཕྱོགས་ཕེབས་སྐབས་སུའང་བོད་ཡིག་གལ་ཆེན་པོ་ཡིན་སྐོར་དང་། ཉེ་ཆར་ཨ་རིའི་ས་ཁུལ་ཁག་འགའ་ཤས་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་གང་དུ་འགྲོ་བ་ཡིན་ནའང་གཟའ་མཇུག་སློབ་གྲྭའི་དགེ་རྒན་དང་གཞས་སྣ་བསླབ་མཁན་གྱི་དགེ་རྒན་རྣམ་པ་ཡིན་ནའང་དང་དུ་བླངས་ནས་བོད་ཀྱི་སྐད་ཡིག་བསླབ་ཀྱི་ཡོད་སྟབས། དེ་དག་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ། ད་དུང་ཡིན་ནའང་མུ་མཐུད་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན། གཞུང་འབྲེལ་མཛད་སྒོ་ཁག་ལ་ཕྱི་རྒྱལ་སྐུ་མགྲོན་ཕེབས་ཀྱི་ཡོད། རྡ་རམ་ས་ལར་ཆ་བཞག་ན། མཛད་སྒོར་ཕྱི་རྒྱལ་དང་རྒྱ་གར་གྱི་མི་སྣ་མང་པོ་བཅར་གྱི་ཡོད་པར་བརྟེན། བོད་སྐད་ནང་ཡོད་པའི་གསུང་འཕྲིན་གྱི་འགྲེལ་བཤད་སྙིང་བསྡུས་ཤིག་ཨིན་ཇི་དང་ཧིན་དྷིའི་སྐད་ཡིག་ཐོག་ངོ་སྤྲོད་དགོས་རྒྱུ་གལ་ཆེན་པོ་རེད་འདུག གང་ཡིན་ཞེ་ན། བོད་མི་རིགས་ཀྱི་ངོ་བོ་དང་ཆོས། རིག་གཞུང་། སྐད་ཡིག་བཅས་མི་ཉམས་གོང་འཕེལ་གཙོ་བོར་གཞི་ལ་བཞག་པའི་ཐོག་ནས་བོད་ཀྱི་རྩ་དོན་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་དང་གོ་རྟོགས་སྤེལ་བའི་ཐོག་ནས་བོད་དོན་རྒྱབ་སྐྱོར་འཚོལ་དགོས་སྟབས། མཛད་སྒོར་བཅར་བའི་སྐུ་མགྲོན་ཙམ་མ་ཟད། མང་ཚོགས་ལའང་གོ་རྟོགས་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།
སྤྱི་ཡོངས་ཐོག་ནས་བོད་ནང་གི་གནས་སྟངས་དང་བཙན་བྱོལ་གནས་སྟངས་སྐོར་བཀའ་མོལ་ལྷུག་པོ་དང་གསལ་པོ་བྱུང་སོང་། འོན་ཀྱང་ང་ཚོས་ངོས་འཛིན་བྱ་རྒྱུ་ནི། སྐབས་རེ་བོད་ནང་དང་བཙན་བྱོལ་གྱི་གནས་སྟངས་བསྡུར་ཡོང་དུས་གོ་ནོར་ཐེབས་པའི་ཉེན་ཁ་འདུག ང་ཚོས་ངོས་འཛིན་གང་བྱེད་དགོས་ཀྱི་རེད། ཅེ་ན། རྒྱ་ནག་གཞུང་གི་ཕྲལ་ཕུགས་རྒྱང་གསུམ་གྱི་སྲིད་བྱུས་དང་ཐབས་བྱུས་ནི་བོད་རྒྱ་སྡེར་བསྒྱུར་རྒྱུ་དང་། བོད་རིགས་རྒྱ་རིགས་བཟོ་རྒྱུ་རེད། དེ་ལྟར་བཟོ་བར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྩ་མེད་བཟོ་རྒྱུ་རྒྱ་ནག་གཞུང་གི་སྲིད་བྱུས་རེད།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྲལ་ཕུགས་རྒྱང་གསུམ་གྱི་སྲིད་བྱུས་དང་ཐབས་བྱུས་ནི། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་མི་ཉམས་གོང་སྤེལ་གཏོང་རྒྱུ་རེད། རྒྱ་ནག་གཞུང་གི་བོད་ནང་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་སྐད་ཡིག་གཏོར་བཤིག་གཏོང་སླད་དེ་སྔ་དགོན་སྡེ་ཁག་བརྒྱ་ཆ་ ༩༨ གཏོར་བཤིག་བཏང་ཡོད། ད་ལྟ་ཡིན་ནའང་བླ་རུང་སྒར་དང་ཡ་ཆེན་སྒར་གཏོར་བཤིག་དང་དམ་བསྒྲགས་བྱས་དང་བྱེད་བཞིན་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་་ཆོས་དང་རིག་གཞུང་། སྐད་ཡིག་གཏོར་བཤིག་དང་། བོད་རིགས་རྒྱ་རིགས་སྒྱུར་ཆེད་ཡིན་པ་མ་ཟད། ལག་བསྟར་ཡང་བྱེད་བཞིན་ཡོད། བོད་ལྗོངས་སློབ་གྲྭ་ཆེན་མོས་གཙོས་བོད་ནང་གི་མཐོ་སློབ་ཁག་ཏུ་ཡིན་ནའང་སློབ་མཚན་ཁྲིད་རྒྱུ་དེ་ཚོང་ལས་དང་ཚན་རིག ཨང་རྩིས་བཅས་རྒྱ་སྐད་ཐོག་བསླབ་བཞིན་ཡོད་པ་མ་ཟད། ཉེ་བའི་ཆར་ནས་བོད་ཀྱི་རྒྱལ་རབས་ཀྱང་རྒྱ་ཡིག་ནང་བསླབ་ཀྱི་ཡིན་ཞེས་དང་། མ་འོངས་པར་ནང་ཆོས་ཡིན་ནའང་རྒྱ་སྐད་ཐོག་འཁྲིད་དགོས་ཀྱི་འདུག་ཅེས་རྒྱ་ནག་གཞུང་གི་ཐབས་བྱུས་ངན་པ་ཡོད་པ་དེ་ལག་བསྟར་བྱས་ནས་འགྲོ་གི་ཡོད་པ་ང་ཚོས་ངོས་འཛིན་དགོས་ཀྱི་རེད་དྲན་གྱི་འདུག
བཙན་བྱོལ་ནང་གཞན་དབང་སྟབས་བསྟུན་ཡིན་ནའང་། བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་མི་ཉམས་གོང་སྤེལ་དང་དར་སྤེལ་བྱེད་རྒྱུའི་དམིགས་ཡུལ་བཟུང་ནས་ད་བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་བ་དེ་དག་ལག་བསྟར་བྱས་པར་བརྟེན། བཙན་བྱོལ་ནང་དུ་ནང་ཆོས་དར་འཕེལ་བྱུང་བ་ཙམ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་དགོན་སྡེ་གཏོར་བཤིག་བཏང་བ་དེ་དག་བཙན་བྱོལ་ནང་བསྐྱར་བཞེངས་དང་ཧི་མ་ལ་ཡའི་རི་རྒྱུད་དུ་ནང་ཆོས་དང་། བོད་ཡིག བོད་པའི་རིག་གཞུང་དང་སྐད་ཡིག་བཅས་གོང་འཕེལ་དང་བསྐྱར་གསོ་བྱུང་བ་དེ་དག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དགོན་སྡེ་ཁག་གིས་འབད་བརྩོན་བྱས་པའི་བཀའ་དྲིན་ལ་བརྟེན་ནས་ཡོང་གི་ཡོད། ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ནང་པའི་ཆོས་ཚོགས་དར་འཕེལ་བྱུང་ནས་ཕྱི་རྒྱལ་མི་རིགས་ཡིན་ནའང་བོད་ཡིག་སྦྱོང་གི་ཡོད་པ་བཙན་བྱོལ་ནང་གི་དགེ་བཤེས་དང་བླ་མ་རྣམ་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་སྐུ་ལས་བསྐྱོན་ཏེ་འབད་བརྩོན་གནང་དང་གནང་མུས་ལ་བརྟེན་ནས་ཡིན།
དེ་བཞིན་རྒྱ་གར་ནང་དུའང་བོད་ཡིག་སྦྱང་མཁན་ཡོད། རྒྱ་ནག་གཞུང་གི་སྲིད་བྱུས་ནི་བོད་དང་བོད་མི་རྩ་མེད་གཏོང་རྒྱུ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ནི། བོད་མིའི་རང་དབང་བསྐྱར་གསོ་བྱེད་རྒྱུ་དང་མི་རིགས་ཀྱི་ངོ་བོ་བསྐྱར་གསོ་དང་སྲུང་སྐྱོབ་བྱེད་རྒྱུ་རེད། ལག་བསྟར་ཡིན་ནའང་དེ་ག་རང་བྱས་དང་བྱེད་མུས་ཡིན། བོད་ནང་དུ་དང་དུ་བླངས་ནས་དགོན་སྡེ་ཁག་དང་མི་སྒེར་གྱི་ངོས་ནས་མི་ཉམས་གོང་འཕེལ་དང་བསྐྱར་གསོ་བྱས་ནས་རྩེ་ཕུད་ཐོན་པ་ཧ་ཅང་མང་པོ་རེད། གོང་འཕེལ་གཏོང་དགོས་ཀྱི་འདུག་ཅེས་སྐུ་ལས་སྐྱོན་མཁན་ཡོད་པ་དེ་དག་ལ་ང་ཚོས་ངོས་ལེན་བྱས་ནས་འགྲོ་དགོས་ཀྱི་ཡོད།
གཞུང་དང་གཞུང་བསྡུར་བ་ཡིན་ན། སྲིད་བྱུས་གང་ཡིན་མིན་དང་། ཐབས་བྱུས་གང་ཡིན་མིན། ཕྲལ་ཕུགས་རྒྱང་གསུམ་གྱི་དམིགས་