༢༠༡༠ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༦ ཉིན་གྱི་ཕྱི་ངྲོ་ཆུ་ཚོད་ ༧ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རོ་ཧི་ནིར་ཡོད་པའི་བོད་ཕྲུག་ཁྱིམ་སྡེའི་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་ཡོད། སྐབས་དེར་བོད་སྒར་བསམ་ཡས་གླིང་གི་མི་མང་དང་ལྡི་ལིར་མཐོ་སློབ་ཁག་ནང་བསྐྱོད་བཞིན་པའི་སློབ་མ་བཅས་ཀྱིས་བཀྲ་ཤིས་ཞོལ་པ་དང་གྲོ་སོ་ཕྱེ་མར་གདེགས་འབུལ་ཞུས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ༸གོང་ས་མཆོག་གིས་ལྡི་ལིར་ཉིན་གྲངས་བརྒྱད་རིང་གི་མཛད་མཆར་གྱི་ཐོག་མར་ཕྱི་ཚེས་ ༡༨ ཉིན་མགོན་པོ་གང་་ཉིད་མཆོག་ལ་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་མཛའ་མཐུན་ཚོགས་པས་མ་དྷར་ཊེ་རེ་ས་དྲན་རྟེན་རྒྱལ་སྤྱིའི་ངྲང་བདེན་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་ (Mother Teresa Memorial International Award for Social Justice 2010) འབུལ་ལམ་ཞུ་རྒྱུ་ཡིན་པ་མ་ཟད། ཕྱི་ཚེས་ ༡༩ ཉིན་ཏཱཇ་གསོལ་མགྲོན་ཁང་དུ་རྒྱ་གར་རྒྱལ་ཡོངས་ཀྱི་གསར་ཁང་གྲགས་ཅན་(Hindustan Times) གྱིས་གོ་སྒྲིག་ཞུས་པའི་སྐབས་བརྒྱད་པའི་ཧིན་དྷུ་སི་ཐན་དུས་བབ་དབུ་ཁྲིད་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་དཀའ་རྙོག་ཅན་གྱི་དུས་ཚོད་ནང་བདེ་སྐྱིད་ཀྱི་ཐབས་ལམ་(Art of Happiness in Troubled time) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ། དེ་བཞིན་མགོན་པོ་གང་ཉིད་མཆོག་ལྡི་ལི་གསར་པའི་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོར་ཆིབས་སྒྱུར་གྱིས་འགྲོ་བ་མིས་འཛམ་གླིང་གི་ཞི་བདེ་བསྐྲུན་ཐབས་(Human Approach to World Peace)ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན། དེ་རྗེས་ཕྱི་ཚེས་ ༢༠ ནས་ ༢༣ བར་ཉིན་གྲངས་བཞི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་རྒྱུའི་སེམས་དང་སྲོག་གི་ཚན་རིག་པའི་ཚོགས་འདུ་ཐེངས་ ༢༢ པའི་ཐོག་༸གོང་ས་མཆོག་ལྷན་ཞུགས་མཛད་རྒྱུ་དང། དེའི་ཕྱེད་ཡོལ་ཁ་ཆེའི་གཙུག་ལག་སློབ་ཁང་ཇ་མི་ཡ་མི་ལི་ཡ་ཨི་སི་ལ་མི་ཡ་(Jamia Millia Islamia) ཞེས་པའི་མགོན་པོ་གང་ཉིད་མཆོག་ལ་མཁས་དབང་གི་ཆེ་བསྟོད་ཕྱག་འཁྱེར་འབུལ་ལམ་ཞུ་རྒྱུ་ཡིན་འདུག་པ་བཅས།།