༢༠༡༠ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡ ནས་ ༨ བར་ཉིན་གྲངས་བརྒྱད་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་འདམ་ཁ་(CHOICE)ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་གཉིས་ཟུང་འབྲེལ་ཐོག་གཉན་ནད་རེག་དུག་(HIV/AIDs)ནད་གཞི་སྔོན་འགོག་གི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད། དེ་ཡང་ཟབ་སྦྱོང་ཐོག་ས་གནས་འདྲ་མིན་ཁག་བརྒྱད་ནས་སྨན་པ་དང། སྨན་ཞབས། གཉན་ནད་རེག་དུག་ཐོག་ལས་ཀ་བྱེད་མཁན་བཅས་ཁྱོན་མི་གྲངས་ ༡༢ བརྒལ་བ་མཉམ་ཞུགས་གནང་ཡོད། སྐབས་དེར་ཟབ་འཁྲིད་པ་རྣམས་ཀྱིས་ཟབ་སྦྱོང་གི་བརྗོད་གཞི་དང་འབྲེལ་བའི་ཐོག་གསུང་བཤད་གནང་བ་ཙམ་མ་ཟད། སྦྱོང་བརྡར་བ་རྣམས་ལ་ལྡི་ལིར་རྟེན་གཞི་བྱས་པའི་སྨན་ཁང་དང། སྒྱུ་རྩལ་བསྟི་གནས་ཁང་། Sahara Michael’s Care home, Shalom care home བཅས་སུ་ལྟ་སྐོར་ལ་འཁྲིད་པ་དང་འབྲེལ་སློབ་སྟོན་སྦྱོང་བརྡར་དང། ཕན་ཚུན་བགྲོ་གླེང་བྱས་ཐོག་ཟབ་སྦྱོང་འཁྲིད་ཡོད། ཟབ་སྦྱོང་འདིའི་སྟེང་གཙོ་བོ་གཉན་ནད་རེག་དུག་འགོག་ཐབས་དང། ནད་གཞི་དེ་འགོས་སྟངས། སྔོན་ནས་ནད་ངོ་འཕྲོད་ཆེད་བརྟག་དཔྱད་བྱ་གལ། སྤྱི་ཚོགས་ཀྱིས་ནད་པ་ཚོའི་ཐོག་སྤྱོད་ཚུལ་འགྱུར་བ་ཕྱིན་ཡོད་པ་དང་ངོས་ལེན་བཅས་སོགས་ཀྱི་ཐོག་དམིགས་བསལ་གྱི་དོ་སྣང་གནང་ཡོད། ཟབ་སྦྱོང་འདིའི་དམིགས་ཡུལ་གཙོ་བོ་དེ་སྦྱོང་བརྡར་བ་ཚོར་གཉན་ནད་རེག་དུག་གི་ཐོག་གཞི་རྩའི་གོ་རྟོགས་གོང་འཕེལ་གཏོང་རྒྱུ་ཙམ་མ་ཟད། ཁོང་རྣམས་ལ་ནད་གཞི་འདི་དང་འབྲེལ་བའི་གནད་དོན་གཞི་རྒྱ་ཆེན་པོར་རྒྱུས་མངའ་ཡོད་པ་བཟོ་རྒྱུ་ཡིན་འདུག ཟབ་སྦྱོང་འདིར་དཔལ་འབྱོར་གྱི་རོགས་སྐྱོར་གནང་མཁན་ལོན་ཌོན་དུ་རྟེན་གཞི་བྱས་པའི་(St.Strephen’s Aids Trust) ཡིན་པ་དང། ལྡི་ལིར་རྟེན་གཞི་བྱས་པའི་ (Sahara centre for Residential Care & Rehabilitation) ནས་ཀྱང་ཟབ་སྦྱོང་ཐོག་མཐུན་སྦྱོར་གནང་ཡོད་པ་བཅས།།