
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཕྱི་མའི་ནང་མང་ཚོགས་ལ་ཆབ་སྲིད་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༥ སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭའམ་སློབ་གྲྭ་དབུས་མར་ཞབས་སོར་འཁོད་སྐབས་སློབ་གྲྭའི་རྔ་རོལ་དང་བཅས་སློབ་སྤྱི་ལགས་དང་། སློབ་མའི་བཀའ་ཤག་གི་བཀའ་ཁྲི་དང་བཀའ་ཁྲི་གཞོན་པ། དགེ་ལས། ཕ་མའི་འཐུས་ཚབ་བཅས་ནས་མཇལ་དར་གྱིས་སྣེ་དྲངས་ཏེ་ཕེབས་བསུ་ཟབ་རྒྱས་ཞུས་མཚམས་དགེ་ལས་སློབ་ཕྲུག་ཚང་འཛོམས་སར་སློབ་གྲྭའི་བྱེད་སྒོ་རྣམ་གཞག་ཁག་ཅིག་སྤེལ་རྗེས་སློབ་སྤྱི་མཆོག་ནས་སློབ་གྲྭའི་ངོ་སྤྲོད་དང་། སྤྱི་འཐུས་རྣམ་གཉིས་ཀྱིས་སྐབས་བསྟུན་བླང་དོར་ལམ་སྟོན་ཞིབ་ཕྲ་གནང་མཚམས་སློབ་གྲྭའི་རེག་ཊར་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།

སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་སཾ་བྷོ་ཊའི་ཡན་ལག་གཞི་རིམ་འོག་མའི་སློབ་གྲྭར་ཞབས་སོར་འཁོད་སྐབས་དགེ་ཆེ་ལགས་དང་ལས་སྣེ་བཅས་ནས་ཕེབས་བསུ་དང་བཅས་དགེ་ཆེའི་ལས་ཁུངས་སུ་ཕེབས་མཚམས་སློབ་གྲྭའི་ལས་བསྡོམས་ལ་གསན་འཇོག་ཞུས་མཚམས། འཛིན་གྲྭ་དང་པོ་ནས་ལྔ་པ་བར་གྱི་འཛིན་ཁང་སོ་སོར་སློབ་ཁྲིད་གནང་བཞིན་པ་ཁག་ལ་གཟིགས་ཞིབ་དང་། གཞན་ཡང་སློབ་གྲྭའི་སྡེ་ཚན་ཆ་ཚང་ལ་གཟིགས་སྐོར་གནང་ཞིང་དགེ་ཆེ་ལགས་ནས་ངོ་སྤྲོད་ཞུས།

ཕྱི་དྲོ་ཆུ་ཚོད་ ༢།༠༠ ཐོག་གཞིས་གྲོང་དྲུག་པའི་སཾ་བྷོ་ཊ་གཞི་རིམ་འོག་མའི་སློབ་གྲྭར་ཞབས་སོར་འཁོད་སྐབས་རོལ་དབྱངས་རུ་ཁག་དང་། དགེ་ཆེ་སོགས་དགེ་ལས་རྣམས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས། འཛིན་གྲྭ་དང་པོ་ནས་ལྔ་པ་བར་གྱི་སློབ་ཕྲུག་རྣམས་ཀྱིས་བྱེད་སྒོ་རྣམ་གཞག་མིག་དཔེ་འོས་པ་ཁག་ཅིག་སྤྱན་འབུལ་ཞུས་མཚམས་དགེ་ཆེ་ལགས་ནས་སློབ་གྲྭའི་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་། སྤྱི་འཐུས་རྣམ་གཉིས་ཀྱིས་བླང་དོར་བཀའ་སློབ་གནང་མཚམས་ཐུགས་རྗེ་ཆེ་ཞུས་གྲུབ་རྗེས་སྔོན་འགྲོ་ནས་འཛིན་གྲྭ་ལྔ་པ་བར་གྱི་འཛིན་ཁང་ཡོངས་རྫོགས་ལ་ཆེད་ཕེབས་ཀྱིས་སློབ་ཁྲིད་གནང་ཕྱོགས་ལ་རྟོག་ཞིབ། ལྷག་པར་ཟློས་དགེ་ལགས་ཀྱིས་བོད་ཀྱི་སྲོལ་རྒྱུན་ལྷ་མོ་སོགས་ཐུགས་ཁུར་ཆེ་བཞེས་གནང་སྟེ་གྲུབ་འབྲས་གང་ལེགས་ཐོན་ཡོད་འདུག་པར་བསྔགས་བརྗོད་གནང་། ཕྱི་དྲོ་ཆུ་ཚོད་ ༤།༡༥ ཙམ་ཐོག་བཀའ་བརྒྱུད་འབོ་དཀར་དགོན་པར་མཆོད་མཇལ་ཞུས།

ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༦ སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་གདན་ས་ཆེན་མོ་འབྲས་སྤུངས་བློ་གསལ་གླིང་གི་ཆོས་རིག་འཛིན་སྐྱོང་སློབ་གྲྭར་ཞབས་སོར་འཁོད་སྐབས་སློབ་སྤྱི་སོགས་ལས་སྣེ་རྣམས་ཀྱིས་ཕེབས་བསུ་དང་། སྔོན་འགྲོ་ནས་འཛིན་གྲྭ་བཅུ་པ་བར་གྱི་འཛིན་ཁང་ཡོངས་རྫོགས་ལ་ཆེད་ཕེབས་ཀྱིས་སློབ་ཁྲིད་ལ་རྟོག་ཞིབ་གནང་། སློབ་སྤྱི་ལགས་དང་ཕྱག་མཛོད་བཅས་ནས་སློབ་གྲྭའི་གནས་བབ་དང་བྱེད་སྒོ་རྣམ་གཞག་ཇི་ཡོད་སོགས་ཞིབ་ཕྲ་སྙན་གསན་ཞུས། དེ་རྗེས་བློ་གསལ་གླིང་གི་དཔེ་མཛོད་ཁང་དང་། དགེ་འདུན་པའི་ན་བཟའ་སོགས་འཚེམ་དྲུབ་གནང་ས་བཅས་སུ་གཟིགས་སྐོར་གནང་སྐབས་འབྲེལ་ཡོད་དཔེ་མཛོད་འགན་འཛིན་ནས་ངོ་སྤྲོད་ཞུས། འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་ཞབས་སོར་འཁོད་པ་དང་འགན་འཛིན་གཞོན་པ་སོགས་ཀྱིས་ཕེབས་བསུ་ཞུས་མཚམས། དགེ་འདུན་རྣམ་པས་ཚན་རིག་ཉམས་ཞིབ་གནང་བའི་གྲུབ་དོན་གྱི་སྙན་ཤོག་ཁག་བཤམ་སྟོན་སོགས་གཙོས་སྡེ་ཚན་མ་འདྲ་བ་ཁག་ལ་གཟིགས་སྐོར་དང་། སྒྲ་བརྙན་སྡེ་ཚན་གྱི་ལས་གཞི་ཁག བློ་གསལ་གླིང་དགོན་པའི་ངོ་སྤྲོད་ཀྱི་བརྙན་ཐུང་བཅས་ལ་གཟིགས་ཞིབ་དང་རྒྱུས་ལོན་གནང་། བློ་གསལ་གླིང་གི་སྨན་ཁང་དུ་ཕྱི་ལུགས་དང་བོད་ལུགས་གསོ་བ་རིག་པ་ཟུང་འབྲེལ་ཐོག་སྨན་བཅོས་གནང་ཕྱོགས་དང་སྡེ་ཚན་ཚང་མར་གཟིགས་སྐོར་གནང་། སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་གྱི་ཐོག་བློ་གླིང་ཕྱག་མཛོད་ཁྲི་པ་སོགས་ཕྱག་མཛོད་རྣམ་པས་ཕེབས་བསུ་དང་བཅས་འབྲས་སྤུངས་བློ་གསལ་གླིང་གི་སྤྲུལ་པའི་གཙུག་ལག་ཁང་ཆེན་མོར་མཆོད་མཇལ་དང་། སྐྱེས་ཆེན་དམ་པའི་གདུང་རྟེན་ཁང་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་བཅས་ལ་མཇལ་ཁ་ཞུས་མཚམས་བློ་གླིང་ཕྱག་མཛོད་ལྷན་ཚོགས་ནས་གསོལ་ཇ་བཞེས་ཏོག་དང་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་འབུལ་གནང་མཛད།

ཆུ་ཚོད་ ༡༢།༠༠ ཐོག་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གི་གཙུག་ལག་ཁང་ཆེན་མོའི་མདུན་དུ་ཞབས་སོར་འཁོད་སྐབས་ཕྱག་མཛོད་བགྲེས་པ་དང་ཕྱག་རོགས་ནས་ཕེབས་བསུ་ཞུས་མཚམས་གཙུག་ལག་ཁང་ཆེན་སོགས་སུ་མཆོད་མཇལ་ཞུས་པ་དང་ཕྱག་མཛོད་ཁང་ནས་གསོལ་ཇ་བཞེས་ཏོག་འདེགས་འབུལ་ཞུས། དེ་རྗེས་ས་སྐྱ་མདོ་སྔགས་བརྩེ་ཆེན་གླིང་དང་ར་སྟོད་གྲྭ་ཚང་བཅས་སུ་མཆོད་མཇལ་ཞུས།
ཆུ་ཚོད་ ༡༢།༤༥ ཐོག་དཔལ་ལྡན་འབྲས་སྤུངས་བླ་སྤྱིར་ཞབས་སོར་འཁོད་སྐབས་ཕྱག་མཛོད་རྣམ་གཉིས་ནས་ཕེབས་བསུ་ཞུས་པ་དང་། ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས། ཕྱི་དྲོ་ཆུ་ཚོད་ ༢།༡༥ ཐོག་འབྲས་སྤུངས་བླ་སྤྱིའི་ཚོགས་ཁང་དུ་དགེ་འདུན་པ་རྣམས་ལ་སྤྱི་འཐུས་རྣམ་གཉིས་ཀྱིས་སྐབས་བསྟུན་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་གྲུབ་མཚམས་བློ་གླིང་དགེ་སྐོས་ཆེན་མོས་ཐུགས་རྗེ་ཆེ་ཞུས་པ་དང་། དེ་རྗེས་བླ་སྤྱིའི་ཚོགས་ཁང་དུ་མཆོད་མཇལ་ཞུས། ཕྱི་ཚེས་ ༥ དང་ ༦ ཉིན་གཉིས་རིང་ས་འཐུས་ཚོགས་གཞོན་དགེ་བཤེས་བསྟན་འཛིན་ཀླུ་སྒྲུབ་ལགས་དང། ས་གནས་འགོ་འཛིན་རིན་ཆེན་དབང་མོ་ལགས་རྣམ་གཉིས་ལྷན་བཅས་ཞུས།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༧ ཆུ་ཚོད་ ༩།༣༠ ཐོག་མོན་གྷོ་ས་གནས་རྒས་གསོ་ཁང་དུ་ཆེད་ཕེབས་གནང་སྟེ། ལས་དོན་ཁག་ལ་རྟོག་ཞིབ་དང་། རྒས་འཁོགས་རེ་རེ་བཞིན་ལ་ཐུག་འཕྲད་ཀྱིས་གནས་སྟངས་བཀའ་འདྲི་དང་བསླབ་བྱ་ལམ་སྟོན་སོགས་གནང་། དེ་རྗེས་ས་གནས་འཕྲོད་བསྟེན་སྨན་ཁང་དུ་ཕེབས་ཏེ་ལས་དོན་གནང་ཕྱོགས་ཡོངས་ལ་རྟོག་ཞིབ་ཀྱིས་སྨན་པ་དང་སྨན་ཞབས་པ་རྣམས་ལ་སེམས་ཤུགས་སྤར་བ་དང་རང་འཁྲིའི་ལས་འགན་སྒྲུབ་ཕྱོགས་ཀྱི་ལམ་སྟོན་གནང་། དེ་རྗེས་ས་འགོའི་ཁྱབ་ཁོངས་རྩི་ཞིང་འདེབས་ལས་ཁང་ལ་ཕེབས་ཤིང་། ལས་གཞིའི་གནས་སྟངས་སྐོར་སོ་ནམ་སློབ་སྟོན་པ་ནས་འགྲེལ་བརྗོད་ཞུས། དེ་རྗེས་གཞིས་སྤྱིའི་ནོར་བུ་རིར་བྲག་གཡབ་༸སྐྱབས་མགོན་ཆུང་ཚང་རིན་པོ་ཆེ་མཆོག་གིས་འཛུགས་སྐྲུན་གསར་གནང་མཛད་པའི་ཁོར་ཡུག་ལ་འཚམས་གཟིགས་དང་རིན་པོ་ཆེའི་ཡབ་ཆེན་ནས་འགྲེལ་བཤད་གནང་། དེ་རྗེས་གཞིས་གྲོང་བཞི་པའི་བཀའ་བརྒྱུད་དགོན་པར་མཆོད་མཇལ་དང་། གཞིས་གྲོང་དྲུག་པའི་ཁྱབ་ཁོངས་སྒོ་མང་གྲྭ་ཚང་དུ་གནས་ཆགས་པ་སྨན་རྩིས་ཁང་གི་གནས་སྟངས་ལ་གཟིགས་སྐོར་བཅས་གནང་། གཟིགས་སྐོར་དང་མཆོད་མཇལ་ཕེབས་ཡུལ་སྡེ་ཚན་ཁག་གི་འགན་འཛིན་དང་དགོན་སྡེའི་དབུ་འཛིན་ཕེབས་བསུ་དང་། ལས་དོན་ཁག་ལ་རྒྱུས་ལོན། ཕྱག་ལས་གནང་ཕྱོགས་ལ་ལམ་སྟོན། དཀའ་ངལ་ཞུས་རིགས་ལ་གསན་འཇོག་སོགས་གནང་། འདི་ཉིན་ས་འཐུས་ཚོགས་གཙོ་པདྨ་རྡོ་རྗེ་ལགས་དང་། ས་གནས་འགོ་འཛིན་རིན་ཆེན་དབང་མོ་ལགས་ལྷན་བཅར་ཞུས་ཡོད་པ་བཅས། །






























