

སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། རྩ་བའི་ང་ཚོ་ཁྱིམ་ནས་ཁྱིམ་སྤང་བའི་རབ་ཏུ་བྱུང་བའི་སྡེ་ཚན་ཞིག་ཆགས་བསྡད་ཀྱི་ཡོད་ཅིང་། སྡེ་ཚན་དེའི་ཐོག་ནས་ལས་འགན་འགྲུབ་རྒྱུ་དེ་ཡང་དམིགས་བསལ་འདྲ་པོ་ཞིག་ཡིན་པའི་ཐོག ཉིན་མཚན་དུས་དྲུག་ཟེར་ན་མི་འདུག དུས་རྒྱུན་དུ་ནས་དགོངས་པ་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད། དེ་ཡང་ལམ་རིམ། འགྲོ་སྟངས་འདྲ་པོ། སློབ་དཔོན་དབྱིགས་གཉེན་གྱིས་གསུངས་པ་ལྟར། ཚུལ་གནས་ཐོས་དང་བསམ་ལྡན་པ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། ། ཞེས་བོད་ལ་སངས་རྒྱས་ཀྱི་བསྟན་པ་དར་བ་ནས་བཟུང་རིས་སུ་མ་ཆད་པའི་མཁས་གྲུབ་ཀྱི་སྐྱེས་བུ་མང་པོས་ལམ་རིམ་དེར་གཞི་བཅོལ་ནས་ཕེབས་བསྡད་ཡོད་རེད། ང་རང་ཚོ་ཡིན་ནའང་དེ་ལྟར་འགྲོ་ཐུབ་དགོས་པ་གལ་ཆེན་པོ་རེད། ཚུལ་གནས་ཟེར་དུས་དགེ་ཚུལ་སློང་གི་སྡོམ་པ་ནས་བཟུང་སྟེ་མི་དགེ་བཅུའི་ཚུལ་ཁྲིམས་སྲུང་གནས་དགོས་པ་དང་། ཐོས་པ་ཟེར་དུས་སློབ་སྦྱོང་བྱེད་དགོས་པ། ཀུན་བཟང་བླ་མའི་ཞལ་ལུང་ནང་། ཐོས་པ་མེད་པའི་སྒོམ་པ་དེ། །ལག་རྡུམ་བྲག་ལ་འཛེགས་དང་འདྲ། ། ཞེས་ཐོས་པ་མེད་པའི་སྒོམ་པ་དང་། བསམ་པ་ཡོང་མི་ཤེས་པ་འདྲ་པོ། ཐོས་པ་ཟེར་དུས་སློབ་སྦྱོང་ཐོག་དོ་སྣང་བྱེད་དགོས་པ། རིམ་པ་གསུམ་པ་འདྲ་པོ་དེ། ཐོས་པའི་དོན་ལ་བསམ་ཞིབ་ཡང་ཡང་བྱས་ནས་ལུང་དང་རིག་པ་རྒྱུ་མཚན་ཚང་མར་བསམ་བློ་བཞག་སྟེ་སོ་སོའི་རྣམ་དཔྱོད་ཤུགས་ཆེ་རུ་བཏང་ནས། དེའི་ཐོག་ནས་སོ་སོར་ངེས་པ་སླེབས་སོང་བ་ཡིན་ན་རིམ་པ་བཞི་པ་འདྲ་པོ་དེ། སྒོམ་པ་ཆགས་ཀྱི་ཡོད་པ་དང་། སྒོམ་པ་ཟེར་ན་དེའི་ཐོག་གོམས་འདྲིས་ཆགས་པའི་ཐོག་ནས་སོ་སོའི་མི་ཚེའི་ནང་འགྱུར་བ་ཐེབས་ཐུབ་པ་ཞིག་དགོས་ཀྱི་ཡོད། ལོ་ལྟར་འགྱུར་བ་མེད་པར་བསྡད་པ་ཡིན་ན་ཐོས་བསམ་སྒོམ་གསུམ་ཚད་ལྡན་ཞིག་ཆགས་ཀྱི་མེད་ཅིང་། སོ་སོ་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་པའི་ཐོག་མི་གཞན་ལ་ཚོར་བ་དེ་སྤྲོད་ཐུབ་པ་ཞིག་དགོས། དེ་ཡིན་དུས། སོ་སོར་ཡར་རྒྱས་ཀྱི་རྣམ་པ་སླེབས་ཐུབ་དགོས་པ་གལ་ཆེན་པོ་ཆགས་ཀྱི་འདུག་མ་གཏོགས། རྒྱུན་གཏན་ལྟ་བུར་རང་འཇགས་བསྡད་ན་དུས་ཚོད་འཕྲོ་བརླག་འགྲོ་ཡི་ཡོད་པ་གསལ་པོར་རྟོགས་ཐུབ་ཀྱི་ཡོད་པས། སོ་སོའི་མི་ཚེའི་ནང་འགྱུར་བ་དང་། དེ་བཞིན་ཉེ་འཁོར་རྣམས་ལ་བཟང་ཕྱོགས་ཀྱི་སེམས་འགུལ་ཐེབས་ཐུབ་རྒྱུར་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་རེད་འདུག གཞན་གྱིས་རང་ཉིད་མཐོང་བ་ཙམ་གྱིས་ཁོ་བོ་ཡིད་མ་རང་པ་ཆགས་ཀྱི་འདུག་ན། སོ་སོའི་ངོས་ནས་འགྱུར་བ་གཏོང་དགོས་ཀྱི་ཡོད། ཁ་ནང་ལ་ཚུར་བསྐོར་ནས་ཐོག་མར་ཚུལ་ཁྲིམས་ནས་བཟུང་སྟེ། ཐོས་པ་དང་། བསམ་པ། སྒོམ་པ་བཅས་ཀྱི་ཐོག་ཉིན་རེར་ཡར་རྒྱས་བཏང་སྟེ། སོ་སོའི་རྒྱུད་ལ་འཇགས་ནས་འགྱུར་བ་གཏོང་དགོས་པ་གལ་ཆེན་པོ་རེད་འདུག


དེ་བཞིན་ཀུན་བཟང་བླ་མའི་ཞལ་ལུང་ནང་གསུངས་ཡོད་རེད། ཤེས་རབ་དེ་རབ་དང་། བརྩོན་འགྲུས་དེ་ཐ་མ་ཡིན་ན་དེས་ཕན་ཐོགས་ཐུབ་ཀྱི་མེད། ཤེས་རབ་དེ་འབྲིང་དང་། བརྩོན་འགྲུས་དེ་རབ་ཡིན་ན། དེས་གྲུབ་འབྲས་ཀྱང་རབ་ཡོང་ཐུབ་ཀྱི་ཡོད་དུས་བརྩོན་འགྲུས་གལ་ཆེན་པོ་ཡིན་པ། བརྩོན་འགྲུས་མེད་ན་ཤེས་རབ་ཀྱིས་ཕན་གྱི་མེད་པ། སྤྱོད་འཇུག་གི་ཤེས་རབ་ལེའུ་ནང་གསུངས་ཡོད་རེད། བརྩོན་གང་དགེ་ལ་སྤྲོ་བའོ། ཞེས་བརྩོན་འགྲུས་ཟེར་དུས་སོ་སོའི་ལས་ཀའི་ཐོག་སྤྲོ་བ་དང་འདུན་པ་ཞིག་དགོས་ཀྱི་ཡོད་རེད། ང་ཚོ་བོད་ལ་རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་བཅས་བཅུ་ཕྲག་རིག་པའི་གནས་དེ་ཚོ་ང་ཚོའི་བསླབ་གཞི་ལྟ་བུ་ཆགས་ཀྱི་ཡོད་པ་དང་། དེ་སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན། རྗེ་བཙུན་བྱམས་པ་མགོན་པོས་གསུངས་པ་ལྟར་རེད། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། ། དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང༌། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། ། ང་ཚོ་འཁོར་བ་ལ་གནས་བསྡད་ཡོད་རེད། འཁོར་བ་ལས་གྲོལ་བའི་ཐོག་ནས་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དོན་དུ་གཉེར་གྱི་ཡོད་དུས། ཤེས་བྱའི་ཆོས་ཐམས་ཅད་མ་ཤེས་ན་སངས་རྒྱས་ཞེས་པ་དེ་ཡོང་མི་ཤེས་པ་ལྟ་བུ་ཆགས་བསྡད་ཡོད་རེད། ང་ཚོའི་སྒྲིབ་པ་དང་། ཉེས་པ་ཡོད་པའི་ཆ་ནས་དངོས་པོའི་གནས་ལུགས་རྟོགས་ཐུབ་ཀྱི་ཡོད་མ་རེད། དེ་འདྲའི་ཐོག་ནས་ཤེས་བྱའི་ཆོས་ཐམས་ཅད་ལ་སློབ་སྦྱོང་བྱེད་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག བོད་ཀྱི་བཅུ་ཕྲག་རིག་པའི་གནས་ལ་སློབ་གཉེར་གནང་བའི་ཐོག དེང་དུས་ཀྱི་ཚན་རིག་ཤེས་བྱ་དང་། སྐད་ཡིག་གཞན་ཡང་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད་འདུག་པས། དེ་ཚོའི་ཐོག་མཐུན་རྐྱེན་ཡོད་པ་བཞིན་དོ་སྣང་གནང་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན། སོ་སོར་སློབ་སྦྱོང་ཡོད་པ་ཡིན་ན། ས་པཎ་གྱིས། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། ། བུང་བ་སྤྲིན་གྱིས་ཚོགས་བཞིན་འཁོར། །གསུངས་པ་ལྟར། ང་ཚོའི་ཆོས་དང་། མི་རིགས། སྤྱི་ཚོགས་བཅས་ཚང་མར་ཕན་ཐོགས་ཐུབ་མཁན་ཞིག་ཆགས་རྒྱུ་ཡིན་པ་གསལ་པོ་རེད། ཕྱིའི་བར་ཆད་རྐྱེན་ངན་གང་བྱུང་ཡང་དེར་སེལ་ཐབས་ཡོད་ཀྱང་། ཤེས་ཡོན་ཐོག་འཐུས་ཤོར་ཕྱིན་པ་ཡིན་ན། སྒེར་གྱི་མི་ཚེ་འཕྲོ་བརླག་དང་། རྒྱ་ཆེ་ས་ནས་སྤྱི་ཚོགས་དང་། མི་རིགས་ལ་སླར་གསོ་བྱེད་མ་ཐུབ་པའི་གྱོང་རྒུད་ཚབས་ཆེ་ཞིག་ཕོག་གི་ཡོད་པ་རེད། མི་རིགས་གཅིག་གི་འཐབ་རྩོད་ཙམ་མ་ཡིན་པར། རིག་གཞུང་དང་། སྐད་ཡིག མི་རིགས་ཀྱི་རང་དབང་གསོན་པོར་གནས་ཐུབ་རྒྱུའི་ནུས་པ་བརླག་འགྲོའི་ཡོད་རེད། ནུབ་ཕྱོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་རྣམས་ཤེས་ཡོན་ལ་བརྟེན་ནས་ཡིད་སྨོན་སྐྱེ་ས་དང་། ཡར་རྒྱས་ཕྱིན་པ་ཞིག་ཆགས་ཀྱི་ཡོད་དུས། ཤེས་ཡོན་ཐོག་འཐུས་ཤོར་མི་འགྲོ་བ་ཞིག་ངེས་པར་དུས་བྱེད་དགོས། མཐའ་མ་དེ་ཞུ་རྒྱུར། ཚང་མ་ཕན་ཚུན་འཆམ་མཐུན་གནང་དགོས་པ་དང་། སྤྱོད་འཇུག་ནང་ལ། རྟག་ཏུ་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་འགྲུབ་པར་ཤོག ། ཞེས་གསུངས་པ་ལྟར་ཚང་མས་ཕན་ཚུན་བཟོད་བསྲན་དང་། མཐུན་པོ་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་བཤད་གྲྭ་ལོ་རིམ་དགུ་པ་དང་བདུན་པ་བཞི་པ་བཅས་ལ་ཨང་ཐོབ་ཕྱག་ཁྱེར་དང་། སྐུ་མགྲོན་གཞན་རྣམ་པས་རིམ་པས་བཤད་གྲྭ་ལོ་རིམ་དང་པོ་དང་། གཞི་རིམ་བཞི་པ་དང་དང་པོ། སློབ་ཆུང་གོང་འོག་བཅས་ཀྱི་སློབ་གཉེར་བར་གྲུབ་འབྲས་ཨང་ཐོབ་ཕྱག་འཁྱེར་དང་། རྩ་བ་བློ་འཛིན་རྩེ་ཕུད་བཅས་ལ་བྱ་དགའ་གནང་སོང་།
བོད་ཀྱི་བཙུན་མའི་ལས་འཆར་གྱི་དམིགས་བསལ་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་འཕྲོད་བསྟེན་དང་སྤྱོད་ལམ་སྐོར་དང་། ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཀྱིས་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ། བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་སྣང་ས་ཆོས་སྒྲོན་ལགས་ཀྱིས་འཛིན་སྐྱོང་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་བཅས།









