༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་མཇུག་བསྡོམས་གསུང་བཤད་གནང་དོན། དེ་རིང་ང་ཚོ་སྐབས་བཅུ་བདུན་པའི་བོད་མི མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ། ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༧ ནས་ ༣༡ བར་དུ་ལས་ཉིན་བཅུ་གསུམ་ཙམ་བྱུང་ཡོད་པ་རེད། ཚོགས་གཙོའི་མཇུག་བསྡོམས་དང་དབུ་འབྱེད་གཏམ་བཤད་གནང་རྒྱུ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་གྱ་གསུམ་པའི་ནང་ལ་གསལ་བ་ལྟར། ཚོགས་གཙོའི་མཇུག་བསྡོམས་ཀྱི་གཏམ་བཤད་ཡིན་ནའང་འདྲ། དབུ་འབྱེད་ཀྱི་གཏམ་བཤད་ཡིན་ནའང་འདྲ། དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ལས་རིམ་དང་འབྲེལ་བ། ལས་རིམ་གྱི་གྲུབ་འབྲས་དང་འབྲེལ་བ་ཡོད་པ་ཞིག་གསུང་དགོས་ཀྱི་ཡོད་པ་རེད་མ་གཏོགས། དེ་ལས་གཞན་པའི་ཚོགས་གཙོའི་གསུང་བཤད་དེ་ཐག་གཅོད་བཀོད་ཁྱབ་དེ་འདྲའི་ཁོངས་སུ་གཏོགས་ཀྱི་ཡོད་མ་རེད་ཟེར་ནས་འདི་ཐོག་མར་སྙན་སེང་ཞུ་རྒྱུ་ཡིན།
དེ་བཞིན་དེ་རིང་ང་ཚོའི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དགུ་པའི་ནང་ལ་ལས་རིམ་ཁག་བསྐྱངས་པ་དེ་སྙན་སེང་ཞུ་རྒྱུ་ཡིན། གཅིག་དེ་ང་ཚོའི་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བརྒྱད་ཕེབས་ཐུབ་ཡོད། གཉིས་པ་དེར་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༥་་་༢༠༢༦ ལོའི་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་བཀའ་ཤག་གིས་ཆབས་འབུལ་བྱས་པ། དེ་ནས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ། དེ་བཞིན་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ ༡༢ པའི་སྙན་ཐོ། བཞི་པ་དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཐོག་བསྐྱར་ཞིབ་ཆེད་འཛུགས་ཚོགས་ཆུང་གི་ལས་བསྡོམས་དང་འཆར་ཟིན། ལྔ་པ་དེར་ཁྲིམས་བཟོའི་ལས་དོན་གྲངས་བཅུ་བཞི། དྲུག་པ་དེར་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྲངས་བརྒྱད། བདུན་པ་དེར་སྐར་རྟགས་ཅན་གྱི་དྲི་བ་གཅིག དེ་ག་ནང་བཞིན་གྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ནང་ནས་གཅིག་དེ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག དེ་ནས་དགུ་པ་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས། དེ་བཞིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་འོས་འདེམས་བྱུང་ཐུབ་ཡོད་པ་རེད་ཅེས་སྙན་སེང་ཞུ་རྒྱུ་ཡིན།
རྩ་བའི་ང་ཚོའི་དེ་རིང་གི་ལས་ཉིན་མང་ཆེ་བ་དེ་ཕྱི་ལོ་ ༢༠༢༥་་་༢༦ ལོའི་སྔོན་རྩིས་ཀྱི་གྲོས་ཚོགས་ཐོག་ལ་དུས་ཚོད་བཏང་ཡོད། སྐབས་དེ་དུས་བཀུར་འོས་སྤྱི་འཐུས་རྣམ་པ་ཡིན་ནའང་ལས་ཁུངས་ཁག་ཆ་ཚང་ལ་ཐུགས་སྣང་གནང་ནས་བགྲོ་གླེང་ཞུ་རྒྱུ། དེ་བཞིན་འཛིན་སྐྱོང་བཀའ་ཤག་ཡིན་ནའང་དཔལ་ལྡན་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པའི་ཐོག་ནས་འབྲེལ་ཡོད་སོ་སོའི་ལས་ཁུངས་ཐོག་ལ་གསལ་བཤད་ལན་འདེབས་གནང་དགོས་པ་དང་། སྔོན་རྩིས་ཐོག་ལའང་དོགས་འདྲི་ཕེབས་པར་ལན་འདེབས་གསལ་བཤད་གནང་དགོས་པ། སྤྱི་ཡོངས་ཀྱི་ཐོག་ནས་སྔོན་རྩིས་ཀྱི་མཐའ་མ་དེ་རིང་ང་ཚོས་གཏོང་ལེན་ཁྲིམས་ཡིག་ནང་ལ་གསལ་བ་གཞིར་བཟུང་རེད། ས་ཡ་སུམ་སྟོང་ལྷག་ཙམ་ང་ཚོས་བཀའ་འཁྲོལ་གཏན་འབེེབས་བྱུང་ཐུབ་ཡོད། དེའི་བརྒྱུད་ནས་ང་ཚོའི་གྲོས་ཚོགས་ཀྱི་ཐོག་ནས་ཐག་གཅོད་བྱུང་ཡོད་རེད། དངོས་སུ་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ཉིན་རེ་བཞིན་ལག་ལེན་བསྟར་མཁན་དེ་སྲི་ཞུའི་ལས་བྱེད་རྣམ་པ་ཆགས་ཀྱི་ཡོད། གྲོས་ཚོགས་ནང་ལའང་དགོངས་ཚུལ་ཁག་བྱུང་བར་གཞིར་བཞག་ནས་སྔོན་རྩིས་ཀྱི་ཐོག་ལ་བསྲི་ཚགས་གནང་རྒྱུ་རེད། གང་ལྟར་སྔོན་རྩིས་ཀྱི་ལས་རིམ་གང་དང་གང་བརྩམ་པ་ཡིན་ནའང་། དེ་དོན་དག་དེ་ལ་སྨན་པོ་དང་ཕན་ཐོགས་པ་ཞིག་ཡོང་ཐུབ་རྒྱུར་ཚང་མས་འགན་འཁུར་བཞེས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་འདི་གཅིག་ཞུ་རྒྱུ་ཡིན།
དེ་དང་འབྲེལ་བའི་ཐོག་ནས་དེའི་སྔོན་དུ་ང་ཚོ་བོད་པའི་ལོ་གསར་ཚེས་ ༢ ལ་ང་ཚོ་སྦེལ་ཀོབ་ལ་སྐབས་དེ་དུས་བཅར་བ་རེེད། ལུགས་བདེ་གཉིས་ཀྱིས་གཞུང་འབྲེལ་གྱི་ཁོ་རང་ཚོའི་ལོ་གསར་ཞིག་གཏོང་གནང་གི་འདུག དེ་དུས་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཚོགས་གཙོ་དེར་བཅར་ཡོད། ངས་དེ་དུས་ནས་ཞུས་པ་ཡིན། ང་ཚོའི་སྔོན་རྩིས་འབུལ་སྟངས་ལ་ཆབ་སྲིད་ཀྱི་སྔོན་རྩིས་འབུལ་སྟངས་གཅིག་བྱས། འཛིན་སྐྱོང་དང་། སྤྱི་ཚོགས་བདེ་དོན་ཟེར་ནས་སྔོན་རྩིས་སྡེ་ཚན་འདྲ་གསུམ་ནང་ལ་བསྡུ་ཐུབ་ཀྱི་ཡོད་པ་རེད། སྔོན་རྩིས་གཏོང་ས་མང་ཤོས་དེ་སྤྱི་ཚོགས་བདེ་དོན་གྱི་ཐོག་ལ་ཆགས་ཀྱི་ཡོད། འཕྲོད་བསྟེན་རེད། ཤེས་ཡོན་རེད། རིགས་གཅིག་ང་ཚོས་མ་གཏོང་ཀ་མེད་ཆགས་ཀྱི་རེད། དེ་མ་ཡིན་པའི་ང་ཚོ་བཙན་བྱོལ་ནང་ལ་གྱར་ནས་ལོ་ངོ་དྲུག་ཅུ་རེ་དྲུག་ཙམ་ཆགས་ཀྱི་ཡོད། རང་ཁ་རང་གསོའི་འགྲེལ་བཤད་སྣ་ཚོགས་པ་གནང་གི་འདུག་སྟེ། དེ་སོ་སོས་གཞན་ལ་བརྟེན་མ་དགོས་པ་ཞིག་ཡོང་ཐུབ་དགོས་རྒྱུ་འདི་གལ་ཆེན་པོ་རེད་བསམ་གྱི་འདུག མང་ཚོགས་ཡིན་ནའང་རྩ་བའི་དཀའ་ངལ་ཡོད། འོན་ཀྱང་དཀའ་ངལ་སེལ་རྒྱུར་སོ་སོའི་ངོས་ནས་ཐབས་ཤེས་བྱེད་ཐུབ་དགོས་རྒྱུ། གཞུང་ལ་ཡིན་གཅིག་མིན་གཅིག་ཞུས་ནས་ཡོང་དགོས་རྒྱུའི་རེ་བ་འདི་ཏོག་ཙམ་ཉུང་དུ་གཏོང་ཐུབ་རྒྱུར་འབད་བརྩོན་ཞུ་ཐུབ་དགོས་པ་དང་། གཞུང་གི་ཆབ་སྲིད་ཀྱི་ཐོག་ནས་ཡིན་ནའང་འདྲ། དེ་བཞིན་དཔལ་འབྱོར་གྱི་ལས་དོན་མང་བ་ཞིག་ང་ཚོ་བོད་མི་སྤྱི་ལ་ཕན་ཐོགས་ཐུབ་རྒྱུར་གཏོང་ཐུབ་རྒྱུའི་གོ་སྐབས་དང་དེ་འདྲའི་རྣམ་པ་འདྲ་ཞིག་ཤུགས་ཆེ་བ་ཞིག་ཐོན་ཐུབ་པ་ཡིན་ན། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་འདི་ཏོག་ཙམ་ཆབ་སྲིད་རེད། དཔལ་འབྱོར་རེད། རིག་གནས་རེད། གང་ཅིའི་ཐོག་ནས་ཡར་ཐོན་ཡོང་ཐུབ་རྒྱུར་དཔེ་མཚོན་འདྲ་པོ་ཞིག་འཇོག་ཐུབ་རྒྱུའི་གོ་སྐབས་ཤིག་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག དེ་ཡོང་ཐུབ་པར་ཚང་མས་འབད་བརྩོན་ཞུ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག དངོས་གནས་ཀྱི་ཉམ་ཐག་དཀའ་ངལ་ཅན་འདྲ་པོ་ཡིན་ན། ང་ཚོས་ཡིན་དང་ཡིན། གཏོང་དགོས་ངེས་ཅན་ཆགས་ཀྱི་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ལའང་ང་ཚོས་ལམ་སྟོན་འགན་འཁུར་ཞུ་ས་གཉིས་ཆགས་ཀྱི་ཡོད། གཅིག་དེ་བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་ལ་བོད་དོན་བདེན་མཐའ་གསལ་ཐུབ་དགོས་རྒྱུ། གཉིས་པ་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་གཟིགས་སྐྱོང་བྱེད་དགོས་རྒྱུ་འདི་ང་ཚོར་འགན་བསྐུར་ཡོད། ཡིིན་ནའང་། ང་ཚོས་འགན་བསྐུར་བ་གཞིར་བཟུང་ལག་ལེན་ཐོག་ནས་ཕེབས་དགོས་རེད་དེ། སྤྱི་ཚོགས་ཀྱི་ངོས་ནས་དེ་ལ་ཆ་ཤས་བཞེས་སྟངས་ཀྱི་ཐོག་ལ་ང་ཚོས་ཡར་རྒྱས་ཏོག་ཙམ་གཏོང་ཐུབ་དགོས་པ་དེ་གལ་ཆེན་པོ་མིན་ནམ་ཟེར་ནས་འདི་གཅིག་ཞུ་རྒྱུ་ཡིན།
དེ་བཞིན་ང་ཚོ་བཙན་བྱོལ་ལ་གྱར་ནས་ལོ་ངོ་ ༦༦ ཆགས་ཀྱི་ཡོད། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཆགས་ཀྱི་ཡོད། གཙོ་བོ་དེ་ང་ཚོ་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ལ་བོད་མི་གནམ་བསྟན་ཡོངས་ཀྱི་ཐོག་ནས་འགན་འཁུར་ཆེ་ཙམ་བཞེས་ཐུབ་དགོས་རྒྱུ། དེ་བཞིན་བོད་ནང་གི་བོད་མི་ཚོས་བློས་བཏང་རེད། ལྷག་པར་བོད་ནང་གི་བོད་མི་ཚོ་ཉིན་འཁྱོལ་ནའང་མཚན་མ་འཁྱོལ་བའི་གནས་སྟངས་ཤིག འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། ཁོར་ཡུག་གི་གནས་སྟངས། འདུ་འཛོམས་ཀྱི་རང་དབང་། སྨྲ་བརྗོད་རང་དབང་། ཐ་ན་སོ་སོའི་སྐད་ཡིག་ཡིན་ནའང་བེད་སྤྱོད་གཏོང་མི་ཆོག་པའི་དུས་ཚོད་དེ་འདྲ་ཞིག་བསླེབས་ཀྱི་ཡོད། དེ་ལ་གཞི་བཞག་ནས་ང་ཚོའི་ཐོག་ནས་གདོང་ལེན་གནང་ཕྱོགས་དེ་གང་འདྲ་དགོས་ཀྱི་འདུག དེང་སང་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་དེ་ཚོ་གང་ལ་གང་འཚམ་ང་ཚོས་ཚོད་དཔག་བྱེད་ཐུབ་པའི་གནས་སྟངས་ཆགས་ཀྱི་ཡོད། སྤྱི་ཚོགས་དྲྭ་རྒྱ་དེ་ཚོ་བརྒྱུད་ནས་བོད་ནང་གི་བོད་མི་ཚོས་བཀའ་མོལ་གསུངས་པ་རེད། ག་རེ་གནང་བ་ཡིན་ན། ང་ཚོས་གང་ལ་གང་འཚམ་རྟོགས་ཐུབ་ཀྱི་འདུག ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་ཡིན་ནའང་གང་ལ་གང་འཚམ་བོད་ནང་གི་བོད་མི་ཚོས་རྟོགས་ཐུབ་ཀྱི་ཡོད། དེ་ཡིན་དུས་གཅིག་གིས་གཅིག་ལ་སེམས་ཤུགས་སྤར་རྒྱུ་དང་། གཅིག་གིས་གཅིག་ལ་གྲོགས་སུ་འགྲོ་ཐུབ་རྒྱུར་ང་ཚོས་འབད་བརྩོན་ག་རེ་ག་རེ་བྱ་རྒྱུ་འདུག དེ་ཚོའི་ཐོག་ལ་ཡང་ང་ཚོས་ཏན་ཏན་གྱི་དགོངས་པ་ཆེན་པོ་བཞེས་རྒྱུ་ཡོད་རེད་བསམ་གྱི་འདུག དེའི་ཐོག་ནས་ཀྱང་ལེགས་ཆ་འདྲ་པོ་དེ་གང་འདྲ་གནང་དགོས་ཀྱི་ཡོད་མེད། ཚང་མས་གོ་སྐབས་ཟིན་ནས་གནང་ཐུབ་དགོས་རྒྱུ་འདི་གཅིག་རེད་འདུག
དེ་བཞིན་ང་ཚོ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ནང་ལ་བོད་དོན་ཟེར་དུས། ཨ་རིས་མཚོན་པའི་ཡུ་རོབ་རེད། ཨེ་ཤི་ཡའི་ནང་ལ་གང་ལ་གང་འཚམ་གྱིས་བོད་ཀྱི་གནད་དོན་འདི། གང་ལྟར་རིམ་པ་དང་པོ་བསླེབས་མ་ཐུབ་ནའང་ཚང་མས་ཐུགས་སྣང་གནང་སའི་གནས་སྟངས་ཆགས་ཀྱི་ཡོད། དེ་ཚོའི་ཐོག་ལ་ཡིན་ནའང་ང་ཚོའི་ངོས་ནས་རེད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ལ་གྱར་ནས་ལོ་ངོ་ ༦༦ ཆགས་འགྲོ་ཡི་འདུག ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དང་། སོ་སོའི་ངོས་ནས་གང་ལ་གང་འཚམ་ཞིག་གནས་བབ་ཀྱི་ཐོག་ནས་གོ་བརྡ་འཕྲོད་ཐུབ་རྒྱུའི་ཐབས་ལམ་འདྲ་མ་སོང་ན། སོ་སོར་ཆ་ཚང་ཚང་བསྡད་ཀྱི་ཡོད། དེ་ཡིན་དུས་དེ་ཚོའི་ཐོག་ནས་བེད་སྤྱོད་ཡག་ས་ཞིག་ལ་གཏོང་ཐུབ་དགོས་རྒྱུ་འདི་གལ་ཆེན་པོ་རེད་འདུག་བསམ་གྱི་འདུག རྒྱལ་སྤྱིིའི་སྤྱི་ཚོགས་ནང་ལ་ཡང་ང་ཚོ་ཕར་འཐིམ་སོང་བ་ཡིན་ན། ང་ཚོ་གང་ཡང་མ་རེད། མི་འབོར་ཉུང་ཉུང་རེད། ང་ཚོའི་ངོས་ནས་ཟུར་དུ་ཐོན་ནས་བོད་ཟེར་བའི་རྣམ་པ་ཐོན་ཐུབ་པ་ལ་སོ་སོའི་ངོས་ནས་ག་རེ་བྱ་རྒྱུ་འདུག བོད་མིའི་འདུ་ཤེས་ག་རེ་འཁུར་དགོས་ཀྱི་འདུག བོད་ཟེར་བ་འདི་རྣམ་པ་མ་ཡལ་བར་ག་རེ་བྱེད་ཐུབ་དགོས་ཀྱི་འདུག དེ་ཚོའི་གྲས་ལ་དགོངས་པ་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག ཐ་ན་སྤྱི་ཚོགས་དྲྭ་རྒྱ་བེད་སྤྱོད་གཏོང་སྟངས་ཡིན་ནའང་སོ་སོའི་སར་ཡོད། སུ་གཅིག་ལ་ཡང་བསྟུན་དགོས་ཀྱི་ཡོད་མ་རེད། དེའི་ཐོག་ནས་བོད་ཟེར་བ་དང་། བོད་མི་ཟེར་བ། བོད་ཀྱི་རྩ་དོན་ཟེར་བ། དེ་ཚོའི་ཐོག་ལ་ག་རེ་ཞུ་རྒྱུ་འདུག སོ་སོའི་ངོས་ནས་འདི་ཉིན་ལྟར་དོ་སྣང་གནང་བ་ཡིན་ན་ཏན་ཏན་མི་གཉིས་ཀྱིས་མཐོང་གི་རེད། གསུམ་གྱིས་མཐོང་གི་རེད། བཞི་ཡིས་མཐོང་གི་རེད། དེ་ནས་ཕར་ཁྱབ་སྤེལ་འགྲོ་ན་གང་ལ་གང་འཚམ་ཤུགས་ཆེན་པོ་མཐོང་གི་ཡོད་པ་རེད། དེའི་ཐོག་ནས་བོད་དོན་ཟེར་རྒྱུ་འདི་དྲིལ་བསྒྲགས་རང་བཞིན་གྱིས་ཆགས་འགྲོ་ཡི་ཡོད། དེ་མ་ཡིན་པའི་སྤྱི་ཚོགས་དྲྭ་རྒྱ་ཡིན་གཅིག་བེད་སྤྱོད་ལོག་པ་བཏང་ནས་ཁྱོད་དང་། ང་དང་། ཁོ་དང་། སུ་འདུག གང་ལྟར་དེ་འདྲ་རང་གི་རྣམ་པ་དེ་འགྲོ་བསྡད་པ་ཡིན་ན། སྤྱི་ཚོགས་དྲྭ་རྒྱ་བེད་སྤྱོད་གཏོང་མཁན་ཁོ་རང་གི་འཚོ་བ་ལ་ཕན་ཐོགས་ཡོད་ན་མི་ཤེས་ཏེ། གང་ལྟར་སྤྱི་ཚོགས་སྤྱི་ཡོངས་ལ་དེས་བརྡབ་གསིག་ཅིག་ཐེབས་ཀྱི་ཡོད་པ་གསལ་པོ་ཆགས་ཀྱི་འདུག དེ་ཚོའི་ཐོག་ལའང་ཚང་མས་དགོངས་པ་བཞེས་ནས་གང་ལྟར་བོད་དང་བོད་མི་རིགས། བོད་ཀྱི་རིག་གཞུང་། བོད་ཀྱི་རྩ་དོན་ཐོག་ལ་དངོས་གནས་ཞབས་འདེགས་ཕྲན་བུ་ཞུ་ཐུབ་པ་ཡིན་ན། ཏན་ཏན་གྱིས་སོ་སོ་གསོན་པའི་རིང་ལ་དངོས་གནས་ཀྱི་བྱས་རྗེས་ཆགས་ཀྱི་ཡོད། དེ་ནས་ཁྱོད་ཀྱི་ཁ། ངའི་སྣ་ཟེར་ནས་དེ་འདྲ་རྩོད་བསྡད་པ་ཡིན་ན། མཐའ་མ་སོ་སོ་འཆི་བའི་དུས་ཚོད་ཡིན་ནའང་དེས་ཕན་ཐོགས་གང་ཡང་ཡོད་མ་རེད། སེམས་པ་ལ་འཇོག་རྒྱུར་སོ་སོར་དེས་སྙིང་སྟོབས་འདྲ་པོ་དང་དེས་སེམས་ཤུགས་འདྲ་གང་ཡང་སྤྲད་ཀྱི་ཡོད་མ་རེད། སོ་སོས་ལས་ཀ་ཡག་པོ་ཞིག་ལས་ཐུབ་ཡོད་ན། ངས་དེ་འདྲ་ཞིག་ལས་པ་ཡིན་ན་བསམ་བསམ་གྱིས་སོ་སོའི་ངོས་ནས་ཡིན་ནའང་དེའི་ཐོག་བསམ་པ་ཡིན་ན་བློ་བདེ་པོ་དང་གུ་ཡངས་པོ་ཞིག་ཡོང་གི་ཡོད། དེ་ཡིན་དུས་དེ་འདྲའི་ཐོག་ནས་ང་ཚོའི་སྤྱི་ཚོགས་དང་། ང་ཚོ་གྲོས་ཚོགས་རྭ་བ་ནང་དུ་ཡོད་མཁན་རེད། ཚང་མས་དགོངས་པ་བཞེས་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག མདོར་ན། ང་ཚོའི་སྤྱི་ཚོགས་འདི་ལེགས་པའི་ལམ་དུ་འཁྲིད་ཐུབ་རྒྱུ། བོད་ཟེར་དུས་དམིགས་བསལ་གྱིས་ཚང་མས་ཐུགས་སྣང་གནང་ས་ཞིག་ལ་ཡོང་ཐུབ་རྒྱུར་ཏན་ཏན་ང་ཚོར་བྱེད་རྒྱུ་མང་པོ་ཡོད། དེ་འདྲའི་ཐོག་ལ་ཏོག་ཙམ་དགོངས་པ་བཞེས་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་དེ་གཅིག་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་གྱི་ང་ཚོ་བོད་མིའི་ངོ་བོ་དང་ཆིག་སྒྲིལ་མཚོན་བྱེད་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆགས་ཀྱི་ཡོད། དེ་བཞིན་ཁ་སང་བོད་ཀྱི་ལོ་གསར་གྱི་འཚམས་འདྲི་ནང་དུ་ཡང་ཡོངས་ཁྱབ་ཞུས་པ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་པོ་བཞུགས་རྒྱུ་དེ་བོད་མི་ཚང་མའི་བསམ་འདུན་གཅིག་ཆགས་ཀྱི་ཡོད། གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། དེ་འགྲུབ་རྒྱུར་༸སྐྱབས་མགོན་རིན་པོ་ཆེས་ལོ་ངོ་དགུ་བཅུའི་རིང་བོད་ཀྱི་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་མང་པོ་ཞིག་གནང་ཡོད། དེ་ཚོའི་གྲས་ང་ཚོས་དྲན་གསོ་བྱས་ནས། ༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ཡིན་ནའང་ང་ཚོས་རྟོགས་མི་ཐུབ་པ་གང་ཡང་མ་རེད། དགོངས་གཞི་ཕྱི་ནང་གསང་གསུམ་མང་པོ་ཡོད་རེད་དེ། གང་ལྟར་ང་ཚོའི་ཐུན་མོང་གི་སྣང་ངོར་དགོངས་གཞི་དེ་ཚོ་ང་ཚོས་གང་ལ་གང་འཚམ་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་རེད། དེ་ཡིན་དུས་དེ་ཚོའི་ཐོག་ནས་སོ་སོའི་ངོས་ནས་དགོངས་གཞི་དེ་ཚོ་འགྲུབ་ཐུབ་རྒྱུར་ག་རེ་ག་རེ་གནང་རྒྱུ་འདུག ༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་འགལ་བའི་ཆ་དེ་ཉི་མ་ཉི་མ་ནས་སོ་སོའི་ངོས་ནས་ཉུང་དུ་གཏོང་རྒྱུའི་ཐབས་ཤེས་ག་རེ་འདུག དེ་ཚོའི་ཐོག་ལ་དགོངས་པ་བཞེས་ཐུབ་ན་སྤྱི་ཡོངས་ཀྱི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ལ་ཡིན་ནའང་རང་བཞིན་གྱིས་བར་ཆད་མ་ཡོང་བ་དང་། ང་ཚོ་བོད་མི་ཐུན་མོང་གི་སྤྱི་མཐུན་གྱི་བསོད་ནམས་གསག་རྒྱུར་ཏན་ཏན་དེ་ཡིས་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག དེ་ག་ནང་བཞིན་སོ་སོའི་ངོས་ནས་བློས་བཅད་འདྲ་ཡིན་ནའང་ཚེ་ཐར་སྲོག་བླུ་གཏོང་རྒྱུ། དེ་ག་ནང་བཞིན་གྱི་རྣམ་དཀར་དགེ་བ་སྒྲུབ་རྒྱུ། དཔེར་ན་མ་ཎི་ཕྲེང་འཁོར་གཅིག་སོ་སོས་འདོན་ན་ཡང་དགེ་བའི་རྩ་བ་དེ་ལ་བསྔོས་པ་ཡིན་ན། ཏན་ཏན་གྱིས་ང་ཚོར་ཐུགས་ཕན་ཆེན་པོ་གསོ་ཡི་ཡོད་རེད། དེ་ཡིན་དུས་ཚང་མས་གཙོ་བོ་ཀུན་སློང་གི་ཐོག་ནས་དེ་འདྲ་གནང་ཐུབ་པ་ཡིན་ན་དེའི་འབྲས་བུ་གཡུར་དུ་ཟ་བ། འབྲས་བུ་བཟང་པོ་ཞིག་སྨིན་ཐུབ་ཀྱི་ཡོད་རེད་ཟེར་ནས་དེ་གཅིག་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་གྱི་ངས་དེ་རིང་མཇུག་བསྡོམས་ཀྱི་གཏམ་བཤད་ལ་སྐད་ཆ་མང་པོ་ཞུ་རྒྱུའི་འདོད་པ་མེད། གཙོ་བོ་དེ་ང་ཚོ་ཚོགས་གཙོ་གཉིས་ཀྱི་ཐོག་ནས་ཐོག་མར་ལས་རིམ་གང་བསྒྲིགས་པ་གཞིར་བཟུང་གི་ཐོག་ནས་དཔལ་ལྡན་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པ་རེད། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚང་མས་ཆ་ཤས་བཞེས་ནས། ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་ཡིན་ནའང་ལས་འབོར་ཆེ་ཤོས་འདྲ་པོ་མང་པོ་ཆགས་སོང་། ཡིག་སྣོད་ཡིན་ནའང་མཐུག་པོ་ཞེ་པོ་ཞིག་ཆགས་སོང་། དེ་ཡིན་དུས་ལས་དོན་ཚང་མ་ལེགས་གྲུབ་བྱུང་སོང་། བཀུར་འོས་སྤྱི་འཐུས་རྣམ་པ་རེད། དེ་ག་ནང་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་རེད། ཚང་མ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་ག་ནང་བཞིན་ང་ཚོའི་གྲོས་ཚོགས་འདིའི་ཐོག་ནས་མཛད་གཙོ་རྣམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས། དེ་ག་ནང་བཞིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་རྩིས་ཞིབ་པ། འོས་བསྡུ་ལམ་ལྷོངས་བྱུང་ཐུབ་པ་བྱུང་ཡོད་རེད། དེར་བརྟེན་འོས་ཐོན་མཁན་རྣམ་པ་ལ་ཡང་འཚམས་འདྲི་ཞུ་རྒྱུ་དང་། བོད་བསྟན་སྲིད་ཀྱི་ལས་དོན་ཐམས་ཅད་ལམ་ལྷོངས་ཡོང་བར་སྨོན་འདུན་ཞུ་རྒྱུ་ཡིན།
དེ་རིང་ང་ཚོའི་གྲོས་ཚོགས་འདི་མཇུག་སྒྲིལ་འགྲོ་ཡི་ཡོད་རེད། མ་འོངས་པར་སྤྱི་འཐུས་རྣམ་པའི་ལས་འཆར་དེ་ཚོ། ང་ཚོའི་སྤྱི་འཐུས་རྣམ་པར་ས་བགོས་ཀྱི་ལས་རིམ་ཁག་ཅིག་ཕེབས་ཀྱི་རེད། དེ་ག་ནང་བཞིན་གྱིས་ཕྱི་ཟླ་དྲུག་པའི་ནང་ལ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་དེ་ཉི་འོང་དུ་འཚོགས་རྒྱུའི་གྲ་སྒྲིག་ཅིག་གནང་བསྡད་ཡོད། དེ་ག་ནང་བཞིན་གྱིས་ད་གིན་གོང་དུ་གྲོས་ཆོད་བཞག་མ་ཐག་པར། གོ་སྟོན་དང་འབྲེལ་བའི་ཐོག་ནས་ཀྱང་ང་ཚོར་ལས་རིམ་ཁག་ཅིག་ཡོང་གི་ཡོད་རེད། དེ་ཚོ་དང་འབྲེལ་བའི་ཐོག་ནས་སྤྱི་འཐུས་རྣམ་པ་མཉམ་ཞུགས་ཞུ་དགོས་པ་དེ་ཚོ་ང་ཚོས་དུས་ནས་དུས་སུ་འབྲེལ་བ་ཞུ་རྒྱུ་ཡིན། ང་ཚོའི་རྩིས་ལོ ༢༠༢༥་་་༢༠༢༦ ནང་ལ་འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་འོས་བསྡུ་དང་འབྲེལ་བའི་ཐོག་ནས་འགྲོ་གྲོན་དེ་འཁུར་བསྡད་ཡོད་རེད། དེ་ནང་བཞིན་གྱིས་འོས་བསྡུ་ལྷན་ཁང་གིས་འོས་བསྡུ་ཆེན་མོ་གསལ་བསྒྲགས་གནང་ཚར་བའི་རྗེས་སུ་ང་ཚོས་རྒྱུན་ལྡན་གྱི་ལས་ཀ་མ་གཏོགས། སྤྱི་འཐུས་རྣམ་པ་ས་བགོས་ཕེབས་རྒྱུ་དང་དེ་ཚོ་ཚང་མ་མཚམས་འཇོག་གི་ཡོད་རེད། དེ་ཡིན་དུས་ང་ཚོ་སྤྱི་འཐུས་རྣམ་པའང་དུས་ཚོད་འདྲ་པོ་དེ་ཁ་སང་ང་ཚོས་བཞུགས་མོལ་ཚོགས་འདུ་ཚོགས་པ་གཞིར་བཟུང་རེད། རྒྱུན་ལྡན་གཞིར་བཟུང་བྱས་ནས་ཟླ་བ་ཁ་ཤས་ཤིག་ཚུར་བསྣུར་ནས། དུས་ཚོད་དེ་གཅིག་མཚུངས་ཀྱིས་ཐག་གཅོད་དེ་བྱུང་བ་རེད། དེ་ཡིན་དུས་དེ་རིང་གོ་སྐབས་འདི་བརྒྱུད་ནས་དེ་གཅིག་སྙན་སེང་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་གྱིས་ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་འདི་དང་འབྲེལ་བའི་ཐོག་ནས་ཕྱི་དྲིལ་སྒྲ་སྙན་ཚན་པ་རེད། དེ་ག་ནང་བཞིན་གྱིས་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་ཚན་པ། བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་རེད། ནང་སྲིད་ལས་ཁུངས་ཀྱི་ས་ཁང་གི་གློག་གི་ལས་བྱེད་རེད། ལྷན་ཁང་ཁག་གི་ལས་བྱེད་རྣམ་པས་གྲོས་ཚོགས་ཀྱི་ལས་རིམ་ཡིག་འབེབ་བྱེད་པར་མཐུན་འགྱུར་གནང་བ་རེད། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚང་མ་བཅས་ལ་དེ་རིང་ཚོགས་གཙོ་གཉིས་ཀྱིས་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། གཙོ་བོ་ཚོགས་དྲུང་ཀྱི་ལས་བྱེད་འདྲ་པོ་ཡིན་ན། ཧ་ཅང་གི་བྲེལ་བ་ཆེན་པོ་ཆགས་བསྡད་ཡོད་རེད། ཁ་སང་རེས་གཟའ་སྤེན་པ་འདྲ་པོ་ཡིན་ན་དགོང་མོ་ཆུ་ཚོད་གཉིས་པ་བར་དུ་ཡི་གེ་པར་སློག་བརྒྱབ་རྒྱུ་དང་། རྣམ་པ་ཚོའི་ཡིག་སྒམ་ནང་བཅུག་པ་དེ་འདྲ་བྱས་ནས་ཞེ་པོ་ཞིག་སྐུ་ལས་བསྐྱོན་གནང་སོང་། ཡིག་ནོར་ཡིན་ནའང་ཕལ་ཆེར་གཅིག་འདྲ་པོ་ཞིག་ལྷག་སོང་མ་གཏོགས། གང་ཡང་མེད་པའི་ཐོག་ནས་མཐུན་འགྱུར་ཆ་ཚང་ཡག་པོ་ཞུས་སོང་། དེར་བརྟེན་གོང་གསལ་ལྷན་ཁང་ཁག་གི་འབྲེལ་ཡོད་ལས་བྱེད་ཚང་མས་མཐུན་འགྱུར་ཡག་པོ་བྱུང་སོང་བར། ཚོགས་གཙོ་གཉིས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་གྱིས་མ་འོངས་པར་ང་ཚོས་དགོངས་པ་བཞེས་དགོས་རྒྱུར་གྲོས་ཚོགས་ཀྱི་ལས་རིམ་བསྐྱང་པའི་དུས་ཚོད་ལ་དཔལ་ལྡན་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པ་རེད། གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་རེད། ང་ཚོས་ལས་རིམ་གང་བསྣམས་པ་ཡིན་ནའང་ལས་དོན་དེ་ཚགས་ཚུད་པོ་དང་དོན་ལ་ཕན་ཐོགས་པ། ཐག་གཅོད་ཡིན་ནའང་ཚད་དང་ལྡན་པ་ཞིག་ཡོང་ཐུབ་པར་འབད་བརྩོན་ཞུ་དགོས་པ། གྲོས་ཚོགས་ཀྱི་ལས་རིམ་དེ་ཚོར་བའི་དབང་དུ་མ་འགྲོ་བར་ཞུ་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་བཞག དེ་ཚང་མས་དགོངས་པར་འཇགས་གནང་རོགས་གནང་ཞུ་རྒྱུ་ཡིན། དེ་ནས་ཟླ་བ་དྲུག་གི་རྗེས་སུ་ཡང་ང་ཚོ་བསྐྱར་དུ་གྲོས་ཚོགས་འཚོགས་རྒྱུ་དེ་འདྲ་ཡོང་གི་ཡོད་རེད། སྐབས་དེ་དུས་ཀྱང་ང་ཚོ་བསྐྱར་དུ་མཇལ་བའི་སྨོན་ལམ་ཞུ་རྒྱུ་ཡིན། ང་ཚོ་འདིར་འཛོམས་བསྡད་པ་འདི་གཅིག་ནས་སོ་སོའི་ལས་ཀྱིས་རེད། གཉིས་ནས་ང་ཚོ་ཐུན་མོང་གིས་བསོད་ནམས་ཞིག་བསགས་ནས་བོད་སྤྱི་པའི་ཆེད་དུ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་ཤིག་རེད། དེ་ཡིན་དུས་གོ་སྐབས་དེ་སྤྱི་པ་རང་ལ་ཕན་ཐོགས་ཐུབ་པ་དང་། སོ་སོའི་མི་ཚེའི་ཆ་ཤས་དེ་དོན་དང་ལྡན་པ་ཡོང་ཐུབ་པར་མཉམ་དུ་དགོངས་པ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་རྣམས་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་གནང་།།