༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༢༤ ཉིན་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཨིན་ཡུལ་གྲོང་ཁྱེར་སྦི་རིས་ཊོལ་ (Bristol) དང་། ཝེལ་སིའི་རྒྱལ་ས་ཀར་ཌིཕ་ (Cardiff) གཉིས་སུ་ཕེབས་ཏེ་བོད་དོན་ལས་འགུལ་སྤེལ་ཡོད། ལས་འགུལ་དེ་ནི་ཨིན་ཡུལ་སྐུ་ཚབ་དོན་ཁང་དང་། ཨིན་ཡུལ་བོད་རིགས་ཚོགས་པ་དང་ས་གནས་འབྲེལ་མཐུད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གོ་སྒྲིག་གནང་ཡོད་པ་རེད།
དེ་ཡང་ཕྱི་ཚེས་ ༢༢ ཉིན་སྦི་རིས་ཊོལ་གནས་སྡོད་བོད་མི་བཞི་བཅུ་ཙམ་གྱིས་གཟའ་འཇུག་སློབ་གྲྭ་ཚོགས་སའི་སེན་ཊར་བྰག་ (St Werburghs) ཚོགས་ཁང་དུ་སྐུ་ཚབ་དོན་གཅོད་ལ་ཕེབས་བསུ་ཞུས་ཡོད། གཟའ་འཇུག་སློབ་གྲྭ་དེ་ནི་བོད་ཁང་ཐེབས་རྩའི་མཐུན་འགྱུར་འོག་རེས་གཟའ་སྤེན་པ་འཆར་ཅན་ཆུ་ཚོད་གཉིས་རིང་ཚོགས་ཀྱི་ཡོད་ཅིང་། དེར་སློབ་ཕྲུག་བཅུ་དང་། དགེ་རྒན་གཉིས་ཡོད་པ་དང་། དགེ་རྒན་གཉིས་ནས་བོད་ཀྱི་སྐད་ཡིག་དང་གླུ་གཞས་སློབ་ཁྲིད་གནང་གི་ཡོད་པ་རེད། སྐུ་ཚབ་དོན་གཅོད་ནས་འཛིན་གྲྭར་གཟིགས་སྐོར་གནང་རྗེས་བོད་རིགས་ཚོགས་པའི་ཚོགས་གཙོས་སྣེ་ཁྲིད་པའི་ཚོགས་མི་རྣམས་ནས་རྟེན་འབྲེལ་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཡོད། སྐབས་དེར་སློབ་ཕྲུག་རྣམས་ནས་སྙན་ངག་གྱེར་འདོན་དང་། སྒྲ་སྙན། རིག་གཞུང་འཁྲབ་སྟོན་སོགས་གཟིགས་འབུལ་ཞུས། སྐུ་ཚབ་དོན་གཅོད་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་གནས་ཐུབ་པར་གཟའ་འཇུག་སློབ་གྲྭའི་གལ་གནད་སྐོར་དང་། ཕྱི་རྒྱལ་ཁག་ཏུ་གནས་སྡོད་བོད་མི་རྣམས་ནས་རང་གི་ཕྲུག་གུ་སློབ་གྲྭ་འདི་དག་ཏུ་སློབ་འཇུག་དགོས་པའི་ནན་སྐུལ་གནང་ཡོད།
སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་སྦི་རིས་ཊོལ་ཁུལ་གྱི་བོད་རིགས་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ལ་བསྔགས་བརྗོད་གནང་བ་དང་འབྲེལ་དེ་དག་མུ་མཐུད་གནང་རྒྱུའི་རེ་སྐུལ་ཞུས་ཡོད། ཁོང་མོས་དེས་ཨིན་ཡུལ་དང་ས་ཁུལ་གཞན་དག་ལ་མིག་དཔེ་བཟང་པོ་ཞིག་འགྱུར་ཐུབ་པ་ཡིན་ཞེས་གསུངས། དེ་རྗེས་སྐབས་དེར་ཕེབས་པའི་བོད་མི་ཚོ་དང་ལྷན་ད་ལྟའི་བོད་ཀྱི་གནས་ཚུལ་སྐོར་གྲོས་བསྡུར་ལྷུག་པོ་གནང་ཡོད།
ཕྱི་ཚེས་ ༢༣ ཉིན་གཞུང་འབྲེལ་མིན་པའི་བོད་རིགས་ཚོགས་པའི་ས་གནས་འབྲེལ་མཐུད་འགན་འཛིན་ལས་ཟུར་རྣམ་པས་སྐུ་ཚབ་དོན་གཅོད་སྦི་རིས་ཊོལ་ནས་ཀར་ཌིཕ་བར་ལྷན་བཅར་ཞུས་ཡོད་པ་དང་། ཀར་ཌིཕ་དུ་ཡོད་པའི་ས་གནས་ནང་པའི་བསྟི་གནས་ཁང་ནས་ཕེབས་བསུ་སྣེ་ལེན་ཞུས།
སྐབས་དེར་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ནས་སྦི་རིས་ཊོལ་དང་ཀར་ཌིཕ་ཀྱི་བོད་མི་རྣམས་ལ་བོད་མིའི་ནང་ཁུལ་མཐུན་སྒྲིལ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུང་བཤད་གནང་། དེ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རྩ་དོན་ཆེད་སྐུལ་ལས་བསྐྱངས་པ་རྣམས་ནན་བརྗོད་གནང་བ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༧ ཚེས་ ༠༦ ནས་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༠༥ བར་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་འཆར་ཡོད་སྐོར་གསུངས། དེ་བཞིན་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༧ ཚེས་ ༠༥ ཉིན་ལོན་ཊོན་གྱི་བོད་ཀྱི་ཞི་བདེ་ལྡུམ་རར་གོ་སྟོན་གྱི་མཛད་སྒོར་ཚོགས་རྒྱུ་ཡིན་པས་ཚང་མས་མཉམ་ཞུགས་གནང་བའི་འབོད་སྐུལ་ཞུས་ཡོད།
གཞན་ཡང་བདུན་ཕྲག་སྔ་མར་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་དང་། དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་གཉིས་ཀྱིས་སྐུ་གསུམ་ལྷུན་གྲུབ་གླིང་བོན་དགོན་པར་གཟིགས་སྐོར་གནང་ཡོད། དགོན་པའི་དབུ་འཛིན་ཁྱིམ་གསར་བླ་མ་རིན་པོ་ཆེ་མཆོག་གིས་གཙོས་པའི་ཚོགས་མི་རྣམས་ནས་ཕེབས་བསུ་དང་འབྲེལ་དགོན་པ་ངོ་སྤྲོད་གནང་ཡོད། དེ་ནས་སྐུ་ཚབ་དོན་གཅོད་ནས་ཡོང་རྒྱུའི་གོ་སྟོན་གྱི་ལས་རིམ་སྐོར་ངོ་སྤྲོད་གནང་བ་དང་། ཁྱིམ་གསར་བླ་མ་རིན་པོ་ཆེ་མཆོག་ལ་མགྲོན་འབོད་གནང་ཡོད། རིན་པོ་ཆེ་མཆོག་ནས་འཚམས་འདྲི་ཞུས་ཤིང་གོ་སྟོན་གྱི་ལས་རིམ་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་པ་བཅས།།