༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༢༤ ཉིན་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཝེལ་སི་གྲོས་ཚོགས་འཐུས་མི་གཉིས་དང་། ཞི་བདེའི་དགོན་པའི་འགན་འཛིན་དང་ལྷན་མཇལ་འཕྲད་གནང་ཡོད། འཇལ་འཕྲད་ཀྱི་ལས་རིམ་དེ་བཞིན་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཨི་ལི་ཡན་ཝི་ལི་ཡམ་ (Eilian Williams) ལགས་དང་། ས་གནས་འབྲེལ་མཐུད་པས་གོ་སྒྲིག་གནང་ཡོད་འདུག
དེ་ཡང་ཕྱི་ཚེས་ ༢༣ ཉིན་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཝེལ་སི་ངལ་རྩོལ་ཚོགས་པའི་འཐུས་མི་དང་། དཔལ་འབྱོར་དང་ཝེལ་སི་སྐད་ཡིག་གི་དྲུང་ཆེ། ཝེལ་སི་སྤྱི་ཁྱབ་བློན་ཆེན་ཐོག་མ་སྐུ་ཞབས་མཱག་དྲེ་རིག་ཕོཌ་ (Mark Drakeford) ལགས་དང་མཇལ་འཕྲད་གནང་ཡོད། སྐབས་དེར་ཁོང་མོས་སྐུ་ཞབས་དྲེ་རེག་ཕོཌ་ལགས་ནས་ཨིན་ཡུལ་ངལ་རྩོལ་ཚོགས་པའི་ཁྲོད་རྒྱ་ནག་གིས་བོད་ནང་གཏན་འཇགས་སློབ་གྲྭ་སོགས་བརྒྱུད་བོད་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་པའི་སྐོར་ཞུ་གཏུག་གནང་བའི་འབོད་སྐུལ་ཞུས་པ་དང་འབྲེལ་རྒྱ་ནག་གིས་བོད་རིགས་སྐྱབས་བཅོལ་བ་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད།
དེ་བཞིན་ཁོང་མོས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་ལ་རྒྱུན་མཐུད་དམ་བསྒྲགས་བྱེད་བཞིན་པའི་གནད་དོན་སྐོར་ངོ་སྤྲོད་གནང་སྟེ་ཝེལ་སི་གྲོས་ཚོགས་སུ་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་སྐོར་གསལ་སྟོན་གནང་བའི་འབོད་སྐུལ་ཞུས་ཡོད། སྐབས་དེར་སྐུ་ཞབས་མཱག་དྲ་རེག་ཕོཌ་ལགས་ཀྱིས་སྐུ་ཚབ་དོན་གཅོད་དང་མཇལ་འཕྲད་བྱུང་བར་དགའ་བསུ་དང་སྦྲགས། བོད་ཀྱི་སྐད་ཡིག་ཐོག་དམ་བསྒྲགས་བྱེད་བཞིན་པར་ངོས་འཛིན་གནང་བ་དང་། གཞུང་གི་ཕྱི་འབྲེལ་སྲིད་བྱུས་དེ་བཞིན་ཝེས་མིན་ཊར་གྱི་དབང་ཚད་ཡིན་ནའང་། ཁོང་གི་ངོས་ནས་ཝེལ་སི་གྲོས་ཚོགས་ནང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་སྐོར་གྲོས་ཆོད་དང་། བསྒྲགས་གཏམ་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསལ་བཤད་གནང་ཡོད།
དེ་མཚུངས་གྲོས་ཚོགས་འཐུས་མི་སྐུ་ཞབས་རཡིས་ཨབ་ཨོ་ཝན་ (Rhys ab Owen) ལགས་ཀྱིས་ཀྱང་སྐུ་ཚབ་དོན་གཅོད་དང་མཇལ་འཕྲད་ཀྱིས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ལ་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད།
སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་སྐུ་ཞབས་མཱག་དྲེག་ཕོཌ་ལགས་དང་སྐུ་ཞབས་རཡིས་ཨབ་ཨོ་ཝན་ལགས་རྣམ་གཉིས་ལ་རྒྱ་ནག་གཞུང་གི་མི་སེར་སྤེལ་བའི་སྲིད་བྱུས་ལས་སྲུང་སྐྱོབ་བྱེད་དགོས་པའི་ཛ་དྲག་གནད་དོན་སྐོར་གསལ་བཤད་ཡིག་ཆ་ཕུལ་ཏེ་ཝེལ་སི་གྲོས་ཚོགས་སུ་འདི་དོན་གླེང་སློང་ཡོང་བའི་རེ་འདུན་ཞུས་ཡོད། གཞན་ཡང་སྐུ་ཞབས་མཱག་དྲེག་ཕོཌ་ལགས་ལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་པར་བསྐྲུན་ཞུས་པའི་ཕྱི་ལོ་ ༡༩༥༩ ནས་ ༢༠༢༡ བར་གྱི་བོད་ཐོག་རྒྱལ་སྤྱིའི་གྲོས་ཆོད་དང་ངོས་འཛིན་ཞེས་པ་ཞིག་དང་། གྲོས་ཚོགས་འཐུས་མི་རྣམ་གཉིས་ལ་བོད་ཀྱི་གནད་བསྡུས་ ༢༠༢༠ ཕུལ་ཡོད།
དེ་བཞིན་ཞི་བདེའི་དགོན་གྱི་འགན་འཛིན་དང་མཇལ་འཕྲད་སྐབས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་བ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་སྐོར་ཚོགས་འདུ་ཞིག་མཉམ་སྦྲེལ་ཐོག་གོ་སྒྲིག་ཞུ་རྒྱུའི་གྲོས་འཆར་ཕུལ་བར་འགན་འཛིན་གྱིས་རྒྱབ་གཉེར་ཞིབ་འཇུག་བྱ་རྒྱུའི་ཁས་ལེན་གནང་ཡོད་པ་བཅས།།