༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༡༠ ཉིན་བྱང་ཡུ་རོབ་ཡོངས་སུ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུས་ཏེ་ལོན་ཌོན་(London) དང་། ཀོ་པན་ཧེ་གྷན། (Copenhagen) སི་ཀྲོག་ཧོམ། (Stockholm) ཨོ་སི་ལོ། (Oslo) ཝིལ་ནི་སི་ (Vilnius) བཅས་སུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་དང་། སི་ཀོ་ཊི་ལེནྜ་གྱི་རྒྱལ་ས་གྷ་ལ་སི་ཀོ་ (Glasgow) རུ་ཆོས་བརྒྱུད་རིས་མེད་ཀྱི་སྨོན་ལམ་གསུང་འདོན་གནང་ཡོད།
དེ་ཡང་ལོན་ཌོན་གྱི་གྷི་རིན་ཝི་ཆི་ཡི་ (Royal Borough of Greenwich) གྲོང་ཁྱེར་ཚོགས་ཁང་དུ་ལོ་ལྟར་བཞིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་ཚོགས་ཞིང་། གྲོང་སྡེ་སྤྱི་ཁྱབ་གཞོན་པ་ལྕམ་སྐུ་ལིན་ཌ་བྷརཌ་ལགས་དང་། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་གཉིས་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད། སྐབས་དེར་ཚོགས་མི་ཨེ་ཝི་རིལ་ལེ་ཀའུ་ལགས་དང་། ཚོགས་མི་ཌེ་ཝིཌ་གྷར་ནར་ལགས། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱང་ཕེབས་ཡོད། རྒྱལ་དར་སྒྲེང་འཛུགས་སྐབས་བོད་མི་རྣམས་ཀྱིས་བོད་ཀྱི་རྒྱལ་གླུ་དང་གསུམ་བཅུ་དུས་དྲན་གྱི་གླུ་དབྱངས་ཁག་བླངས་ཡོད།དེ་རྗེས་སྤྱི་ཁྱབ་ལས་ཁུངས་སུ་འདུ་འཛོམས་གནང་སྐབས་བྷརཌ་ལགས་ཀྱིས་བོད་མི་ཚོའི་བཟོད་བསྲན་དང་། བོད་ཀྱི་རིག་གཞུང་ཕྱུག་པོར་བསྔགས་བརྗོད་གནང་ཡོད། དེ་བཞིན་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་གྲོང་སྡེ་དེའི་མངའ་ཁོངས་ནས་ཕྱི་ལོ་ ༢༠༡༥ ནས་བཟུང་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩི་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། གྲོང་སྡེ་སྤྱི་ཁྱབ་པ་དང་། ཚོགས་མི་རྣམས་ལ་ཡོང་འགྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་འཁྲུངས་སྐར་དེ་བྱམས་སྙིང་རྗེའི་ཉིན་མོ་ཞེས་གཞུང་འབྲེལ་གྲོས་འཆར་རམ་གསལ་བསྒྲགས་ཤིག་གནང་སྐྱོང་ཡོང་བ་དང་། དེར་བོད་མི་དང་མཉམ་རུབ་ཐོག་དུས་ཆེན་འདི་སྲུང་བརྩི་ཞུ་ཐབས་ལ་དགོངས་བཞེས་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད།
དེ་ནས་གཞུང་འབྲེལ་དུས་དྲན་གྱི་མཛད་སྒོ་དེ་རྒྱ་གར་གྱི་ (YMCA) ཚོགས་ཁང་དུ་ཚོགས་ཡོད་པ་དང་། ཨིན་ཡུལ་གྲོས་ཚོགས་འཐུས་མི་དང་ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་སྐུ་ཞབས་ཁི་རི་སི་ལཽ་ (Chris Law) ལགས་དང་། གྲོས་ཚོགས་འཐུས་མི་ཟུར་པ་དང་ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཊིམ་ལོག་ཊོན་ (Tim Loughton) ལགས་བཅས་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩི་ཆེད་ལྷན་ཞུགས་གནང་ཡོད། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཐོག་མར་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་ཆབས་ཅིག བོད་ཀྱི་ལོ་རྒྱུས་ནང་ཉིན་མོ་དེའི་གལ་གནད་སྐོར་འགྲེལ་བརྗོད་གནང་། དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁི་རི་སི་ལཽ་ལགས་དང་། སྐུ་ཞབས་ཊིམ་ལོག་ཊོན་ལགས་རྣམ་གཉིས་ནས་ཨིན་ཡུལ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུ་དང་། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་བཞུགས་སྒར་དྷ་རམ་ས་ལར་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པའི་སྐོར་ཡང་གསུངས།དེ་རྗེས་ཨིན་ཡུལ་བོད་རང་བཙན་ཚོགས་པའི་ལས་འགུལ་དང་སྲིད་བྱུས། ཉམས་ཞིབ་འགན་འཛིན་སྐུ་ཞབས་ཇོན་ཇོན་སི་ལགས་ཀྱིས་ཨིན་ཡུལ་ནང་གི་བོད་དོན་ལས་འགུལ་གྱི་ད་ལྟའི་གནས་སྟངས་སྐོར་གསུང་སྐབས་བོད་པའི་གཞོན་སྐྱེས་འགོ་ཁྲིད་གསར་པ་དང་། ལས་འགུལ་སྡེ་ཚན་ཁག་དབར་གྱི་མཉམ་ལས། དེ་བཞིན་དེང་སང་གྲོས་ཚོགས་ནང་བོད་དོན་སྐོར་གྱི་ཆབ་སྲིད་ཚོགས་པ་ཁག་གི་ཚོགས་ཆུང་གསར་འཛུགས་བྱས་པ་བཅས་ཀྱི་རྐྱེན་པས་བོད་ཀྱི་འཐབ་རྩོད་ཀྱི་མདུན་ལམ་ལ་རེ་བ་བཟང་པོ་ཡོད་ཚུལ་སྐོར་གསུངས། ཁོང་གིས་བོད་པའི་གཞོན་སྐྱེས་ཚོར་བོད་དོན་ཞུ་གཏུག་ལས་དོན་ཐད་ལམ་སྟོན་གནང་ཡོད། གཞུང་འབྲེལ་མཛད་སྒོའི་ཐོག་ཨིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོའི་གསུང་བཤད་དང་། བོད་རིགས་ཚོགས་པའི་ཚོགས་མི་ཚོས་གསུམ་བཅུའི་དྲན་གླུ་བླངས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་ཨིན་ཡུལ་སྲིད་བློན་གྱི་གཞུང་འབྲེལ་སྡོད་གནས་ཚོགས་ཁང་དཀར་པོ་ (Whitehall) རུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་འདུ་འཛོམས་ཀྱིས་ངོ་རྒོལ་བྱས་ཡོད། སྐབས་དེར་བློན་ཆེན་ཟུར་པ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ནོར་མན་བྷེ་ཀར་ལགས་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྒྱ་ནག་མཉམ་འབྲེལ་ཚོགས་པའི་འགན་འཛིན་ལུ་ཀི་ཌི་པུལ་ཕོརཌ་ལགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འགན་འཛིན་མན་ཌི་མེཀ་ཀོན་ལགས། ཨིན་ཡུལ་བོད་རིགས་ཚོགས་པའི་ལས་འགུལ་དང་གཞོན་སྐྱེས་འབྲེལ་མཐུད་པ་ཀུན་བཟང་ཚེ་འཕེལ་ལགས་བཅས་ཀྱིས་གསུང་བཤད་གནང་ཡོད།
བོད་མི་དང་། བོད་དོན་རྒྱབ་སྐྱོར་བཅས་ཁྱོན་མི་གྲངས་བརྒྱ་ཙམ་གྱིས་ཚོགས་ཁང་དཀར་པོ་ནས་པོརཊ་ལེནྜ་གྱི་རྒྱ་ནག་གཞུང་ཚབ་ཁང་བར་གོམ་བགྲོད་བྱས་ཏེ་རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ཁག་མཚོན་པའི་འབོད་ཚིག་བསྒྲགས་ཡོད། དེ་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་གཏམ་བཤད་ཀྱི་ལས་རིམ་ཞིག་སྤེལ་བ་དང་། དེར་ཡུ་གུར་དང་། ཧོང་ཀོང་། ཐའེ་ཝན། ལྷོ་སོག་བཅས་ཀྱི་སྐུ་ཚབ་རྣམས་མཉམ་ཞུགས་ཀྱིས་བོད་མི་ཚོར་རྒྱབ་སྐྱོར་གྱི་གདུང་སེམས་མཉམ་སྐྱེད་བསྟན་ཡོད།
གཞན་ཡང་སི་ཀོ་ཊ་ལན་ཌིའི་གྲོང་ཁྱེར་གྷ་ལ་སི་གྷོ་རུ་ (Tibet Solidarity) ཞེས་བོད་གདུང་སེམས་མཉམ་སྐྱེད་ཚོགས་པས་སི་ཀོ་ཊ་ལན་ཌི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མཉམ་སྦྲེལ་ཐོག་ (Peace Cairn) དུ་ཆོས་ལུགས་རིས་མེད་ཀྱི་སྨོན་ལམ་ཞིག་གོ་སྒྲིག་ཞུས་ཏེ། ཕྱི་ལོ་ ༡༩༥༩ ལོར་བོད་མིའི་རང་དབང་སྒེར་ལངས་སྐབས་འདས་གྲོངས་སུ་ཕྱིན་པའི་བོད་མི་དང་། དེ་ནས་བཟུང་ལོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་གི་དྲག་གནོན་འོག་རང་སྲོག་བློས་གཏོང་གནང་མཁན་རྣམས་ལ་རྗེས་དྲན་ཞུས་ཡོད། སྐབས་དེར་སི་ཀོ་ཊ་ལན་ཌི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རོ་སི་གྷི་རིར་ལགས་ཀྱིས་མཛད་སྒོའི་ཐོག་གསུང་བཤད་གནང་ཡོད་པ་བཅས།།