༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༢༥ ཉིན་ཨིན་ཡུལ་སྐུ་ཚབ་དོན་ཁང་དུ་ཝེས་མིན་སི་ཊར་གཙུག་ལག་སློབ་ཁང་གི་གཙུག་ལག་རབ་འབྱམས་པའི་སློབ་མ་བཅོ་ལྔ་ལ་བོད་ཀྱི་སྐོར་ངོ་སྤྲོད་གནང་ཡོད། ལས་རིམ་འདི་བཞིན་འཛམ་གླིང་ཆབ་སྲིད་ལས་འགུལ་གྱི་འགོ་ཁྲིད་འབུམ་རམས་པ་ཕ་རེནྜ་པེ་ཌར་སན་ལགས་ཀྱིས་གཙོ་སྐྱོང་གནང་ཞིང་། དེ་ཡང་དམིགས་ཡུལ་གཙོ་བོ་དེ་སློབ་མ་རྣམས་ལ་སྐུ་ཚབ་དོན་ཁང་གི་བྱེད་སྒོ་ཁག་གི་གོ་རྟོགས་སྤེལ་རྒྱུ་ཡིན་པ་རེད།
སྐབས་དེར་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ཐོག་མར་བོད་ཀྱི་ལོ་རྒྱུས་དང་། ས་ཁམས་ཆབ་སྲིདཀྱི་གནས་སྟངས་སྐོར་གསུངས། ཁོང་གིས་འཕྲུལ་སྐར་པར་རིས་དང་ས་ཁྲ་བསྟན་ཏེ་བོད་མཐོ་སྒང་གི་གལ་གནད་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་དང་། འཛམ་གླིང་ཕྱོགས་གང་སར་ཡོད་པའི་སྐུ་ཚབ་དོན་ཁང་གི་ཞུ་གཏུག་གི་ལས་འགུལ་རྒྱ་ཆེ་རྣམས་འགྲེལ་བརྗོད་གནང་ཡོད།
དེ་ནས་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དང་ཞབས་གནང་བའི་བརྒྱུད་རིམ་སྐབས་ཀྱི་མཐོང་ཚུལ་དང་འབྲེལ། སློབ་མ་རྣམས་ལ་དབང་ཚད་རིང་ལུགས་ལས་བཟང་སྤྱོད་དང་ལྡན་པའི་ལས་དོན་སྤེལ་དགོས་པ་མ་ཟད། དངོས་ཡོད་གནས་ཚུལ་རྒྱུས་ལོན་དགོས་གལ་ཡིན་སྐོར་གསུངས་རྗེས་རྩིས་པ་བསྟན་འཛིན་མཛེས་ལྡན་ལགས་ཀྱིས་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ལས་གཞི་དེ་བཙན་བྱོལ་བོད་མི་རྣམས་དང་བླངས་ཀྱི་མཉམ་ཞུགས་བརྒྱུད་ཕན་ཚུན་མཐུན་སྒྲིལ་གོང་འཕེལ་གཏོང་ཆེད་ཡིན་སྐོར་གསལ་བཤད་གནང་དང་སྦྲགས། བོད་རིགས་མིན་པ་རྣམས་ནས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ཆེད་དེབ་སྔོན་པོའི་ལས་གཞིའི་སྐོར་ངོ་སྤྲོད་གནང་ཡོད།
ཚོགས་འདུའི་སྐབས་སློབ་མ་རྣམས་ཀྱིས་བོད་ཀྱི་ཆབ་སྲིད་གནས་བབ་དང་། ཞུ་གཏུག་ལས་འགུལ་སྐོར་དོགས་འདྲི་མང་པོ་ཞུས་པའི་ཁྲོད་རྒྱ་ནག་གིས་བོད་ཐོག་དབང་སྒྱུར་བྱེད་དགོས་པའི་དམིགས་ཡུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་མཐུན་གནས་བབ། བོད་ཀྱི་ཆོས་ལུགས་གཞན་གྱི་ཆོས་ལུགས་ལས་ཁྱད་པར་ཅན་དུ་གྱུར་ཚུལ། བོད་ཀྱི་འཐབ་རྩོད་ཀྱི་འཛམ་གླིང་གི་ཆབ་སྲིད་ཐོག་ཤུགས་རྐྱེན་བཅས་ཀྱི་སྐོར་རྒྱུས་ལོན་ཞུས་ཡོད། གཞན་ཡང་སློབ་མ་རྣམས་ཀྱིས་རྒྱ་ནག་གི་ཤར་ཏུར་ཀི་སི་ཐན་ཐོག་འཛིན་པའི་སྲིད་བྱུས་དང་། བོད་བཙན་བཟུང་བྱས་པའི་རྗེས་ཀྱི་བོད་ཀྱི་སྐད་ཡིག་གི་འཕེལ་རིམ། དེ་བཞིན་ཨ་རིའི་སྲིད་གཞུང་ནས་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་གྱི་དབང་འཛིན་འོག་བོད་དོན་རྒྱབ་སྐྱོར་ལས་འགུལ་ལ་ཤུགས་རྐྱེན་ཇི་ཡོང་སྐོར་ཡང་དོགས་འདྲི་ཞུས་ཡོད། དེར་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་དང་། བསྟན་འཛིན་ཀུན་དགའ་ལགས་གཉིས་ཀྱིས་རྒྱ་ནག་གིས་བོད་ཀྱི་མིང་ཚབ་ཏུ་ཤིས་ཙང་ཞེས་པ་བེད་སྤྱོད་བྱེད་དེ་བོད་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དང་། མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་འཛིན་པའི་ལྟ་བ་འགྱུར་ཐབས་ཀྱི་སྲིད་བྱུས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་བཅས་ཀྱི་ཐོག་ཞིབ་ཕྲ་འགྲེལ་བརྗོད་གནང་། དེ་བཞིན་རྒྱལ་སྤྱིའི་སྟེང་བོད་དོན་འཐབ་རྩོད་རྒྱུན་གནས་ཐུབ་པར་བཙན་བྱོལ་བོད་མིའི་ནུས་ཤུགས་དང་། ཐབས་བྱུས་ལྡན་པའི་ཞུ་གཏུག་གི་གལ་གནད་སྐོར་ནན་བརྗོད་གནང་ཡོད།
ཚོགས་འདུའི་མཇུག་བསྡོམས་སྐབས་སུ་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་སློབ་མ་རྣམས་ལ་བོད་ཀྱི་གནད་དོན་ཐོག་མུ་མཐུད་དེ་རྒྱུས་ལོན་བྱ་རྒྱུ་དང་། གཙུག་ལག་སློབ་གྲྭའི་ཁོར་ཡུག་ནང་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་རྒྱུར་སྐུལ་མ་གནང་། མཐར་སྐུ་ཚབ་དོན་གཅོད་ནས་འབུམ་རམས་པ་ཕ་རེནྜ་པི་ཌེ་སན་ལགས་ལ་མཇལ་དར་དང་། བོད་ཀྱི་གནས་བསྡུས་ ༢༠༢༠ ཞེས་པའི་ཕྱག་དེབ་ཕྱག་རྟགས་སུ་ཕུལ་ཡོད།
སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱི་ཚོགས་འདུ་དང་འབྲེལ་བའི་སྐོར་གསུང་སྐབས་ཁོང་མོས་གཙུག་ལག་སློབ་གྲྭའི་སློབ་མ་རྣམས་དང་ཐུག་འཕྲད་བྱ་རྒྱུ་ནི་སྐུ་ཚབ་དོན་ཁང་གི་ཕྱི་འབྲེལ་ལས་འགུལ་གལ་ཆེན་ཞིག་ཆགས་ཡོད། ཐེངས་འདིའི་ཚོགས་འདུས་བོད་ཀྱི་གནས་སྟངས་དང་འཛམ་གླིང་ནང་གི་གལ་གནད་སྐོར་ཞིབ་ཕྲའི་གོ་རྟོགས་སྤེལ་ཐུབ་པ་བྱུང་། སློབ་མ་རྣམས་ཀྱིས་དོ་སྣང་ཆེན་པོའི་ངང་དོགས་འདྲི་གནང་བ་དང་། ཡོང་འགྱུར་ཟླ་ཤས་ནང་གཙུག་ལག་སློབ་གྲྭ་གཞན་ཁག་ཏུའང་འདི་བཞིན་ཚོགས་འདུ་ཞིག་གོ་སྒྲིག་ཞུ་འཆར་ཡོད། ཅེས་གསུངས། །