༄༅། །ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཨ་རིའི་སྲིད་གཞུང་ནས་ཨ་རིའི་རོགས་སྐྱོར་ལས་འཆར་གྱི་བརྒྱ་ཆ་ ༨༣ མཚམས་འཇོག་བྱས་པའི་གནས་ཚུལ་ལ་བོད་མི་རྣམས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མིའི་རང་དབང་དང་འཐབ་རྩོད་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་ཐད་སེམས་འཚབ་བྱེད་བཞིན་ཡོད་པའི་ཁྲོད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༠ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་མར་ཁོ་རུ་བྷི་ཡོ་ (Marco Rubio) མཆོག་ནས་ཕྱག་བྲིས་ཤིག་འབྱོར་ཡོད། ཕྱག་བྲིས་དེའི་ནང་ཨ་རིའི་སྲིད་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། འཇིགས་སྣང་མེད་པའི་ཐོག་ནས་གཞི་རྩའི་རང་དབང་སྤྱོད་རྒྱུ། དེ་བཞིན་བདེ་འཇགས་དང་ཆེ་མཐོང་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་ཆེད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་འཚོགས་བཞིན་པའི་སྐབས། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གི་མཚན་གནས་ཐོག་བསྐུར་བའི་ཕྱག་བྲིས་དེས་ཨ་རིའི་སྲིད་གཞུང་ནས་བོད་དོན་ཐོག་རྒྱབ་སྐྱོར་གཡོ་བ་མེད་པ་མཚོན་གྱི་ཡོད་ཅེས་གསུང་ཞིང་། དེ་ཡང་གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འདི་ལྟ་བུའི་ལོ་རྒྱུས་རང་བཞིན་ལྡན་པའི་རྣམ་འགྱུར་དེས་བོད་མིའི་འཐབ་རྩོད་ལ་ངོས་འཛིན་གནང་བ་མཚོན་གྱི་ཡོད་པ་མ་ཟད། ཨ་རིའི་སྲིད་གཞུང་དང་བོད་མིའི་དབར་གྱི་ཡུན་རིང་འབྲེལ་ལམ་དེ་སྲ་བརྟན་དུ་གཏོང་བ་ཞིག་ཡིན།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཛིན་སྐྱོང་བཀའ་ཤག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ནས་རོགས་དངུལ་བསྐྱར་གསོ་སླད་འབད་བརྩོན་མུ་མཐུད་གནང་བཞིན་ཡོད་སྐོར་གསུང་ཞིང་། འབད་བརྩོན་དེ་དག་ལམ་ལྷོངས་ཡོང་བའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་ལས་འཆར་ཁག་ད་ལྟའི་ཨ་རིའི་སྲིད་གཞུང་གི་ཁེ་ཕན་དང་མཐུན་དགོས་པ་དང་། ལྷག་པར་བོད་མིའི་མངོན་འདོད་དང་མཐུན་དགོས་གལ་ཡིན་པ་ནན་བརྗོད་གནང་ཡོད།
སྤྱིར་ཕྱི་ཟླ་ ༣ ཚེས་ ༠༡ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མར་ཁོ་རུ་བྷི་ཡོ་མཆོག་གིས་སྤྱི་ཚོགས་དྲ་ལམ་ (X) བརྒྱུད་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་འཚམས་འདྲི་དང་འབྲེལ། ཨ་རིའི་སྲིད་གཞུང་ནས་བོད་ཀྱི་གནད་དོན་ཐོག་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གནང་ཡོད།
ཨ་རིའི་ (USAID) རོགས་དངུལ་བཀག་བསྐྱིལ་བྱས་ཡོད་ནའང་། སྡིངས་ཆ་འདྲ་མིན་ཐོག་ཨ་རིའི་གཞུང་ནས་བསྐྱར་ནན་གནང་བ་དེས་ཨ་རིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་རང་སོར་གནས་ཡོད་པ་མངོན་ཐུབ། །