༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྷ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་མེར་ཁུ་རི་གསེར་གྱི་གཟེངས་རྟགས་ (Gold Mercury Award 2025 ) འབུལ་བཞེས་བསྐྱངས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བ། བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས། སོག་པོ། རྒྱ་རིགས་སོགས་དད་ལྡན་མཇལ་བཅར་བ་སུམ་བརྒྱ་ཙམ་ལ་མཇལ་ཁ་སྩལ་རྗེས་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གྷོལ་ཌི་མེར་ཁུ་རི་ (Gold Mercury International) ཞེས་པའི་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ལོ་ ༢༠༢༥ ལོའི་གྷོལ་ཌི་མེར་ཁུ་རི་གསེར་གྱི་གཟེངས་རྟགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབུལ་ལམ་ཞུས་ཡོད། སྐབས་དེར་རྒྱལ་སྤྱིའི་གྷོལ་ཌི་མེར་ཁུ་རིའི་ཚོགས་གཙོ་ནི་ཀོ་ལ་ཌེ་སན་ཀྲིས་ (Nicolas De Santis) ལགས་ཀྱིས་སྣེ་ཁྲིད་པའི་ཡུ་རོབ་བེལ་ཇི་ཡམ་གྱི་འཐུས་མི་གཅིག་དང་རྒྱ་གར་བ་བཞི། ཨི་ཊ་ལི་ནས་མི་བཅོ་ལྔ། ཨིན་ལན་ནས་མི་གཉིས། ཨ་རི་ནས་མི་གསུམ་བཅས་ཀྱིས་གྲུབ་པའི་ཚོགས་ཆུང་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེ་དང་འཚེ་བ་མེད་པ། སྙིང་རྗེ་གོང་སྤེལ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་དབུ་ཁྲིད་གནང་བར་ཕྱི་ལོ་ ༢༠༢༥ ལོའི་གྷོལ་ཌི་མེར་ཁུ་རི་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་པའི་སྐོར་༸སྙན་སེང་གིས་གཟེངས་རྟགས་འབུལ་བཞེས་དང་། སྐུ་པར་ལྷན་སྒྲོན་མཛད་རྗེས་མགོན་པོ་གང་ཉིད་མཆོག་གིས་བྱམས་བརྩེའི་སྐོར་ལ་བཀའ་སློབ་སྩལ་དོན། ང་ཚོའི་མི་ཚེ་ནི་ཨ་མའི་མངལ་ནས་འགོ་བཙུགས་པ་ཡིན་པས་ང་ཚོར་སྙིང་རྗེ་དང་བྱམས་བརྩེ་ཡོད་པ་རེད། ཨ་མའི་བྱམས་བརྩེ་མེད་ན་ང་ཚོ་འཚོ་གནས་ཐུབ་ཀྱི་མེད། ང་ཚོ་སྐྱེས་མ་ཐག་ཏུ་ཨ་མས་ང་ཚོ་ལ་དོ་སྣང་ཆེ་ཤོས་གནང་ཡོད་ལ། ང་ཚོ་རང་ཉིད་ཀྱང་ཨ་མ་ཡོད་པའི་རིང་ལ། ང་རང་ངུ་ཆོག་བསམ་པའི་ཚོར་བ་ཡོད། ཨ་མ་མེད་ན་དངོས་གནས་དྲང་གནས་རོགས་མེད་མགོན་མེད་ཆགས་རྒྱུ་རེད།
ང་ཚོས་ནམ་རྒྱུན་མར་གྱུར་སེམས་ཅན་ཐམས་ཅད་ཅེས་སེམས་ཅན་ཐམས་ཅད་ང་ཚོའི་ཨ་མར་གྱུར་མྱོང་བར་བཤད་ཀྱི་ཡོད། དཔེར་ན། གཙོ་བོ་ང་ཚོའི་མི་ཚེ་འདི་ལའང་། ཨ་མ་དང་འབྲེལ་བའི་ཚོར་བ་ཤུགས་ཆེན་པོ་ཞིག་ཡོང་བ་བཞིན་དེ་སེམས་ཅན་ཐམས་ཅད་ལ་ཕར་ཁྱབ་ཐུབ་དགོས། དེ་ནས་ང་ཚོས་དངོས་གནས་ཞི་བདེའི་འཛམ་གླིང་ཞིག་བསྐྲུན་ཐུབ། དེ་ནི་སྲིད་པ་ཞིག་ཡིན། དེ་མིན་ཁོང་ཚོ་ང་ཚོའི་དགྲ་བོ་རེད་ཅེས་བཤད་ན་དོན་སྙིང་གང་ཡང་མེད། ལྟོས་དང་། ང་ཚོ་ཚང་མ་ཕུ་ནུ་སྤུན་ཟླ་རེད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་བཀའ་དྲིན་སྩལ་ཡོད།
མེར་ཁུ་རི་གསེར་གྱི་གཟེངས་རྟགས་ནི་ (Gold Mercury Award 2025) འཛམ་གླིང་ནང་གི་ཚོང་ལས་དང་། སྲིད་བྱུས། རིག་གཞུང་། ཚན་རིག་སོགས་ཀྱི་ཁྱབ་ཁོངས་ནང་མཐོང་ཆེན་ཞུ་སའི་གཟེངས་རྟགས་ཤིག་ཡིན་པ་དང་། ཕྱི་ལོ་ ༡༩༦༡ ལོར་གསར་འཛུགས་ཀྱིས་ལོ་རེར་སྤྱི་ཚོགས་ལ་ཞབས་འདེགས་ཕུལ་བྱུང་ཅན་ལ་གཟེངས་རྟགས་འདི་འབུལ་གྱི་ཡོད། གཟེངས་རྟགས་འདིའི་དམིགས་ཡུལ་གཙོ་བོ་ནི། ལས་རིགས་ཁག་ནང་གི་མི་སྣ་དང་ཚོགས་པ་མཆོག་ཏུ་གྱུར་པ་རྣམས་ལ་བསྔགས་བརྗོད་དང་ངོས་འཛིན། རྒྱལ་སྤྱིའི་ཚད་གཞི་ལྡན་པའི་དཔལ་འབྱོར་དང་། སྲིད་ཇུས། མི་སྤྱོད་ཀྱི་གནས་ཚད་ཡར་རྒྱས་གཏོང་བ། རྒྱལ་སྤྱིའི་ཚོང་ལས་དང་སྲིད་ཇུས་ཞིབ་འཇུག་ལ་སྐུལ་འདེད་བྱེད་པ་བཅས་ཡིན། དེ་སྔ་གཟེངས་རྟགས་འདི་ནི་ཨ་རིིའི་སྲིད་འཛིན་སོགས་རྒྱལ་ཁབ་ཁག་ཅིག་འགོ་ཁྲིད་དང་། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་འགོ་ཁྲིད། ཚན་རིག་པ། སྒྱུ་རྩལ་པ། ཚོང་པ་སོགས་ལ་ཕུལ་མྱོང་ཡོད་པ་རེད། །