༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༢༤ ཉིན་གནས་ཆུང་གྲྭ་ཚང་གིས་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་པོ་ཚེ་ལྷ་དཀར་པོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྷ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་ནས་གནས་ཆུང་སྐུ་རྟེན་མཆོག་དང་གནས་ཆུང་རིན་པོ་ཆེ། གནས་ཆུང་གྲྭ་ཚང་གིས་སློབ་དཔོན་དང་དགེ་བསྐོས་བཅས་ཀྱིས་སྤོས་སྣེས་མདུན་བསུ་དང་བཅས་རྟ་མགྲིན་ལྷ་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྡོ་རྗེ་སློབ་དཔོན་སྨིན་གླིང་སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་དང་། དབུ་མཛད་ཀྱིས་ཡེ་ཤེས་སྐུ་མཆོག་མ་གསུང་སྟེ་བརྟན་བཞུགས་དབུ་འཛུགས་ཀྱིས་གུ་རུའི་ཐུགས་དམ་གནད་བསྐུལ་མཐའ་བྲལ་དོན་དམ་མ་དང་། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་འཆི་མེད་བདུད་བརྩིའི་དབྱངས་སྙན་སོགས་གསུང་འདོན་དང་། གསེར་སྐྱེམས་དང་མཁའ་འགྲོ་སྤྱན་འདྲེན་སོགས་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་གནང་།
རྡོ་རྗེ་སློབ་དཔོན་མཆོག་གིས་མཁའ་འགྲོའི་དར་ཐག་བསྡུ་བ་དང་། མཁའ་འགྲོ་དང་སྐུ་གླུད་ཕྱིར་གཤེགས། བླ་མ་ལྷ་སྐྱེད་བཅས་གནང་རྗེས་གནས་ཆུང་སྐུ་རྟེན་མཆོག་གིས་གསོལ་འདེབས་མཎྜལ་དང་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་ཤིང་། རྡོ་རྗེ་སློབ་དཔོན་མཆོག་གིས་ཚེ་རྫས་འབུལ་ལམ། གནས་ཆུང་རིན་པོ་ཆེ་མཆོག་གིས་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་འབུལ་ལམ་ཞུས་པ་དང་འབྲེལ་ཚོགས་མང་ནས་རྒོད་ཚང་སྣ་ཚོགས་རང་གྲོལ་མཆོག་གིས་མཛད་པའི་ཞབས་བརྟན་གསོལ་འདེབས་གསུང་འདོན་གནང་བ་སོགས་བརྟན་བཞུགས་ཀྱི་གནང་སྒོ་རིམ་པར་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། བརྟན་བཞུགས་དང་སྦྲགས་ནས་རྗེས་ལ་གསོལ་འདེབས་སྨོན་ལམ་ཧ་ཅང་ཡག་པོ་ཞིག་བཏོན་སོང་། གང་ལྟར་ཆོལ་ཁ་གསུམ་གྱི་མི་མང་ཚང་མར་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བའི་སྨོན་ལམ་རྒྱག་གི་ཡོད་ལ་འབད་བརྩོན་བྱེད་བཞིན་ཡོད། འཛམ་གླིང་ནུབ་ཕྱོགས་སུ་ནང་ཆོས་ལ་དོ་སྣང་གསར་པ་སླེབས་མཁན་ཚོས་ངོས་རང་ཚེ་རིང་པོ་ཡོང་བ་ལ་རེ་འདུན་དང་། མོས་པ་ཆེན་པོ་བྱེད་བཞིན་འདུག དེར་བརྟེན། ངོས་རང་ལ་མཚོན་ན་བསྟན་པ་དང་འགྲོ་བའི་དོན་དུ་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། དེ་རིང་གནས་ཆུང་གྲྭ་ཚང་གིས་བརྟན་བཞུགས་གནང་བ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཡོད། །