༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་ཚུལ་བསྟན་མི་ཤིས་པའི་མཚན་མའི་རིགས་ཕྲ་མོ་ཙམ་ཡང་ཞར་ཡང་མི་བཞེས་ཤིང་། བསྟན་འགྲོ་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་༸ཞབས་པད་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཕྱིར། དགའ་ལྡན་ཕོ་བྲང་དང་། གམ་བཅར་རྣམ་རྒྱལ་གྲྭ་ཚང་། རྣམ་ཟུར་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་དྷ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནང་གི་རྟ་མགྲིན་ལྷ་ཁང་དུ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནས་སྐུ་ཚེའི་ཚེ་སྒྲུབ་སྔོན་དུ་བཏང་སྟེ་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༦ པ་ནས་རྡོ་རྗེ་སློབ་དཔོན་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ཆོག་གྲྭ་འདུས་ཚོགས་ནས་སྐུ་ཚེའི་ཚེ་སྒྲུབ་གནང་ཞིང་། ཆུ་ཚོད་ ༨།༡༥ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཕེབས་བསུ་དང་བཅས་རྟ་མགྲིན་ལྷ་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་རྡོ་རྗེ་སློབ་དཔོན་ནས་མཇལ་དར་རྐྱང་འབུལ་ཞུས་ཤིང་། རྒྱུན་ཆགས་གསུམ་པ་གསུང་མུར་གསོལ་ཇ་འབྲས་སིལ་རིམ་པར་ཕེབས་པ་དང་། ཁྲུས་གསོལ་དང་མཆོད་པ་བྱིན་རླབས། རིགས་ལྔའི་མཁའ་འགྲོ་བསྐྱེད་དེ་གར་སྟབས་བཅས་སོ་སོའི་མདོག་མཐུན་གྱི་དར་སྣེ་བཟུང་སྟེ་བཞུགས་ཁྲིའི་མདུན་དུ་འཁོད་དེ་དར་སྣེ་གཅོད་བྲེགས་སོགས་རིམ་པར་གནང་ཞིང་། བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་སོགས་རིམ་བཞིན་གསུངས་ཏེ་ཚེ་འགུགས་དང་། རྡོ་རྗེ་སློབ་དཔོན་སྐུ་བཞེངས་ཀྱིས་ཚེ་མདའ་ཕུལ་བ་སོགས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་མཁའ་འགྲོའི་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་ཕུལ་བ་དང་། མཐར་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཏང་རག་མཎྜལ་འདེགས་འབུལ་བྱས་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་དགའ་ལྡན་ཕོ་བྲང་དང་རྣམ་རྒྱལ་གྲྭ་ཚང་། རྣམ་ཟུར་བཅས་ནས་དད་པ་དང་། དམ་ཚིག་གཡོ་བ་མེད་པའི་སྒོ་ནས་བརྟན་བཞུགས་གནང་བ་རེད།
ངོས་རང་ལ་ཆ་བཞག་ན་འཛམ་གླིང་འདིར་ཕན་ཐོགས་གང་འཚམ་ཡོང་ཐུབ་ཀྱི་འདུག ང་ཚོ་གཞིས་བྱེས་བོད་མི་ཡོངས་རྫོགས་ལ་ངོས་ཀྱིས་བསམ་པ་རྣམ་དག་གི་ཐོག་ནས་ཁ་ཕན་ཚིག་ཕན་ཡོང་བ་བྱེད་བཞིན་ཡོད། དེས་ཏན་ཏན་ཕན་ཐོགས་ཡོད་པ་ལྟ་བུ་འདུག ཆོས་དད་མེད་མཁན་ཚོར་ཡིན་ནའང་ངོས་ཀྱི་བསམ་ཚུལ་མཐོང་ཚུལ་ལ་ཧ་ཅང་དགའ་པོ་བྱེད་བཞིན་འདུག ཧམ་པ་ལྟ་བུ་བཤད་ན་འཛམ་བུ་གླིང་གི་མི་དུང་ཕྱུར་ཁ་ཤས་ཡོད་པ་ཚང་མས་ངོས་ལ་དགའ་མོས་བྱེད་པ་ལྟ་བུ་རེད། ངོས་རང་ནས་བསམ་པ་རྣམ་དག་གིས་འཛམ་གླིང་གི་མི་ཡོད་ཚད་ལ་ཕན་ཐོགས་ཡོང་ཆེད་ཆོས་དང་འབྲེལ་ནས་སྐད་ཆ་མི་དགོས་པར་ཡ་རབས་དང་། སྤྱོད་པ་བཟང་པོས་མི་ཚེ་སྐྱེལ་ཐུབ་ན་སོ་སོའི་མི་ཚེ་སྐྱིད་པོ་ཡོང་བ་དང་། ཉེ་འཁོར་གྱི་མི་རྣམས་ཀྱང་སྐྱིད་པོ་ཡོང་། མཐར་འཛམ་གླིང་ལ་དོན་དམ་པའི་ཞི་བདེ་ཡོང་བར་ངོས་ལ་བསམ་ཚུལ་ཡོད་པ་འཛམ་བུ་གླིང་གི་གང་ས་གང་དུ་བཤད་བཞིན་ཡོད། ཚང་མས་དགའ་པོ་བྱེད་བཞིན་འདུགལྷག་པར་དུ་སེམས་ཁམས་རིག་པའི་སྐོར་རེད། ངོས་ནས་བློ་རིགས་དང་རྟགས་རིགས་སྦྱངས་ནས་བློའི་འགྲོ་སྟངས་གང་ལ་གང་འཚམ་ཤེས་ཀྱི་ཡོད། དེར་བརྟེན། ཚན་རིག་པའམ་བློའི་འགྲོ་སྟངས་སྐོར་ལ་དོ་སྣང་ཡོད་མཁན་ཚོར་གོ་བསྡུར་བྱེད་བཞིན་ཡོད། སེམས་མ་ཞི་བ་ཞི་བར་བྱེད་པ་དང་། མ་དུལ་བ་དུལ་བར་བྱེད་པ། གང་ལྟར་སེམས་ལ་བདེ་སྐྱིད་ཡོང་བའི་བསམ་བློའི་འགྲོ་སྟངས་ལ་ང་ཚོས་སློབ་སྦྱོང་བྱས་ཡོད་པས་སེམས་ཀྱི་ཞི་བདེའི་སྐོར་ལ་དོ་སྣང་ཡོད་མཁན་མང་པོས་དགའ་པོ་བྱེད་བཞིན་འདུག ངོས་རང་ཚན་རིག་པ་མཉམ་དུ་ཐུག་དུས་ཚན་རིག་པ་ལྟ་བུ་ཆགས་ཀྱི་ཡོད། སེམས་ཁམས་རིག་པའི་སྐོར་ལ་བཤད་དགོས་བྱུང་ན་ངོས་རང་སེམས་ཁམས་རིག་པའི་སྐོར་ལ་ཕལ་ཆེར་མཁས་དབང་ལབ་ཆོག་པ་ཞིག་རེད། གང་ལྟར་མི་ལ་ཕན་ཐོགས་ཡོད་པ་ཞིག་ཡོང་གི་འདུག
ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། བོད་གངས་ཅན་ལྗོངས་ལ་རིག་གཞུང་གཏིང་ཟབ་ཅིག་ཡོད་པ་སྐྱབས་སུ་མཆི་ཞེས་དད་པ་གཅིག་པུ་མ་ཡིན་པར་རིགས་པའི་ཐོག་ནས་བསམ་བློ་བཏང་ཡོང་བ་ལ་ང་ཚོའི་བོད་པར་དམིགས་བསལ་ཞིག་ཡོད་པ་རེད། བསམ་བློའི་ནང་ཆོས་རབ་ཏུ་རྣམ་འབྱེད་ཤེས་རབ་ཀྱིས་དཔྱད་པ་བྱེད་པའི་ནུས་པ་དེ་ང་ཚོའི་གོམས་གཤིས་འདིའི་ཐོག་ནས་ཏན་ཏན་ཡོང་ཡ་རེད་འདུག འདི་ཧ་ཅང་རྩ་ཆེན་པོ་རེད།ངོས་རང་ལ་ཆ་གཞག་ན་ཆུང་ཆུང་སྐབས་ནས་བསྡུས་ར་ལ་བལྟས་པ་དང་། དེ་ནས་བློ་རིགས་དང་རྟགས་རིགས། མངོན་པ་མཛོད་བཅས་ལ་བལྟས་པ་ཡིན། མཛོད་ལ་དེ་ཙམ་རིན་ཐང་མཐོང་གི་མི་འདུག མཛོད་ནས་རི་རབ་དང་གླིང་བཞི་སོགས་བཤད་ཡོད་པ་དེ་སྒྲུང་ལྟ་བུར་བཤད་ཆོག་པ་ཞིག་རེད། གཞན་དབུ་མའི་གཞུང་དང་རྣམ་འགྲེལ་གྱི་གཞུང་། བསྡུས་རའི་གཞུང་སོགས་དངོས་གནས་ཆོས་ཀྱི་སྐད་ཆ་མ་ཡིན་པར་སེམས་ཁམས་རིག་པ་དང་བསྟུན་ནས་ཕན་ཐོགས་ཡོང་བ་དང་། འཛམ་གླིང་ཞི་བདེ་ཡོང་བ། སེམས་འཁྲུགས་སྡོད་པ་ལྷོད་ལྷོད་ཆགས་པར་ང་ཚོའི་ཆོས་ཕྱོགས་ཀྱི་རིག་གཞུང་འདི་ཧ་ཅང་ཡག་པོ་ཞིག་རེད།
དེ་རིང་སྐབས་སུ་བབ་པ་ཁྱོད་རང་ཚོས་བརྟན་བཞུགས་གནང་བ་རེད། ངོས་ནས་རྨི་ལམ་ལ་བརྟག་པར་ཕལ་ཆེར་དཔལ་ལྡན་ལྷ་མོས་ལོ་བརྒྱ་དང་བཅུ་གསུམ་ཙམ་སྡོད་པར་ལུང་བསྟན་ཡོང་གི་འདུག དེར་བརྟེན། ད་དུང་ལོ་མང་པོར་སྡོད་ཐུབ་པ་དང་། དེའི་རིང་འཛམ་བུ་གླིང་ལ་གང་ལ་གང་འཚམ་གྱིས་ཕན་ཐོགས་བྱེད་ཐུབ། ལྷག་པར་དུ་རྒྱ་རིགས་ཁྲོད་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་འདུག་པ་དང་། ངོས་རང་ལ་དགའ་པོ་བྱེད་མཁན་ཡང་མང་དུ་འགྲོ་བཞིན་འདུག ཁོང་ཚོར་བསམ་པ་རྣམ་དག་གིས་ཕན་ཐོགས་བྱེད་ཐུབ་པའི་རེ་བ་རྒྱག་བཞིན་ཡོད་ལ་ཕན་ཐོགས་བྱུང་ཐུབ་པ་ལྟ་བུ་འདུག དེ་རིང་འདིར་བརྟན་བཞུགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་བཀའ་དྲིན་སྩལ་ཡོད། །