
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༣ པའི་ཚེས་ ༣༡ ཉིན་རྒྱབ་ཆུ་ཚོད་ ༢།༥༢ པའི་ཐོག་ལས་ཉིན་གྲངས་ ༡༣ རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་མཇུག་བསྒྲིལ་གནང་བ་དང་། སྐབས་དེའི་གྲོས་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༥་་་༢༦ ལོའི་ལས་ཁུངས་མ་ལག་དང་བཅས་པའི་འགྲོ་གྲོན་སྔོན་རྩིས་བཀའ་འཁྲོལ་བསྡོམས་སྒོར་ ༣,༣༠༤,༠༡༧,༣༠༧ སྤྱི་མོས་ཐོག་གཏན་འབེབས་གནང་ཡོད་པ་རེད།


དེ་རྗེས་ཁྲིམས་བཟོའི་ལས་དོན་གྱི་བརྗོད་པ་གསུམ་པའི་ལས་རིམ་ཐོག ཡིག་ཆ་ཨང་། ༦༡ པ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། དོན་ཚན་དགུ་པ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་དབང་། ཞེས་པའི་ནང་གསེས་ ༡ པོ་དང་། ༢ པ། དོན་ཚན་བཅུ་གཅིག་པ། ལས་བྱེད་ས་མིག ཅེས་པའི་ནང་གསེས་ ༢ པ། དོན་ཚན་བཅུ་གསུམ་པ། ལས་བྱེད་འདེམས་བསྐོ་བྱ་ལམ། ཞེས་པའི་ནང་གསེས་ ༡ པོ་དང་། ༢ པ། གསར་འཇུག་ནང་གསེས་ ༣ པ། དོན་ཚན་བཅུ་བཞི་པ། འགན་འཛིན་སྡེ་ཚན་གྱི་ལས་བྱེད་གསར་འདེམས། ཞེས་པའི་ནང་གསེས་ ༡ པོ་དང་། ༦ པ། དོན་ཚན་བཅོ་ལྔ་པ། ལས་བྱའི་སྡེ་ཚན་གྱི་ལས་བྱེད་གསར་འདེམས། ཞེས་པའི་ནང་གསེས་ ༢ པ་དང་། ༣ པ། དོན་ཚན་བཅུ་དྲུག་པ། ལས་བྱེད་གནས་སྤར་དང་། བཀོད་སྒྲིག འཕོ་ལེན། ཞེས་པའི་ནང་གསེས་ ༡ པོ་དང་། ༢ པ། ༤ པ། ༧ པ། དོན་ཚན་བཅུ་བརྒྱད་པ། འཕྲལ་སེལ་ལས་བྱེད། ཞེས་པའི་ནང་གསེས་ ༡ པོ་དང་། ༢ པ། ༤ པ། གསར་འཇུག་ནང་གསེས་ ༥ པ། དོན་ཚན་ཉི་ཤུ་པ། ལས་བྱེད་པར་ཉེས་ཆད།

ཡིག་ཆ་ཨང་། ༦༢ པ། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི། དོན་ཚན་བཅུ་གཅིག་པའི་ནང་གསེས་ ༡ པོའི་ ‘ཀ‘ ཡིག་ཆ་ཨང་ ༦༣ པ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་དྲུག་པའི་ནང་གསེས་ ༤ པའི་ ‘ཁ‘ དང་། དོན་ཚན་བདུན་པའི་ནང་གསེས་ ༤ པའི་ ‘ཅ‘ དང་། ‘ཆ‘ དོན་ཚན་བཅུ་པའི་ནང་གསེས་ ༢ པ། དོན་ཚན་བཅུ་གསུམ་པའི་ནང་གསེས་ ༡ པོ། ཡིག་ཆ་ཨང་། ༦༤ པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི། དོན་ཚན་བདུན་པའི་ནང་གསེས་ ༡ པོའི་ ‘ཁ‘ ཡིག་ཆ་ཨང་། ༦༥ པ། བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་ལྔ་པའི་ནང་གསེས་ ༤ པའི་ ‘ཅ‘ དང་། ‘ཆ‘ ཡིག་ཆ་ཨང་། ༦༦ པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ཕོགས་ཐོབ་དང་། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་དྲུག་པའི་ནང་གསེས་ ༤ པའི་ ‘ཁ‘ དང་། དོན་ཚན་བདུན་པའི་ནང་གསེས་ ༤ པའི་ ‘ཅ‘ དང་། ‘ཆ‘ ཡིག་ཆ་ཨང་། ༦༧ པ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་དྲུག་པའི་ནང་གསེས་ ༤ པའི་ ‘ཁ‘ དང་། དོན་ཚན་བདུན་པའི་ནང་གསེས་ ༤ པའི་ ‘ཅ‘ དང་། ‘ཆ‘ ཡིག་ཆ་ཨང་། ༦༨ པ། འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་དྲུག་པའི་ནང་གསེས་ ༤ པའི་ ‘ཁ‘ དང་། དོན་ཚན་བདུན་པའི་ནང་གསེས་ ༤ པའི་ ‘ཅ‘ དང་། ‘ཆ‘ ཡིག་ཆ་ཨང་། ༦༩ པ། བཙན་བྱོལ་བོད་མིའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་དྲུག་པའི་ནང་གསེས་ ༤ པའི་ ‘ཁ‘ དང་། དོན་ཚན་བདུན་པའི་ནང་གསེས་ ༤ པའི་ ‘ཅ‘ དང་། ‘ཆ‘ དོན་ཚན་བཅུ་པའི་ནང་གསེས་ ༢ པ་བཅས་ཀྱི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཐོག་གྲོས་ཚོགས་ནས་བརྗོད་པ་གསུམ་པའི་ཐོག་ནས་གཏན་འབེབས་གནང་བ་དང་།

དེ་བཞིན་ཡིག་ཆ་ཨང་། ༧༠ པ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ཁྲིམས་འཆར། ཡིག་ཆ་ཨང་། ༧༡ པ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟགས་རྩ་འཛིན་ཁྲིམས་ཡིག་གི་ཁྲིམས་འཆར། ཡིག་ཆ་ཨང་། ༧༢ པ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་བཅས་བརྗོད་པ་གསུམ་པའི་ཐོག་ནས་གཏན་འབེབས་གནང་སོང་།

དེ་རྗེས། ཡིག་ཆ་ཨང་། ༥༨ པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོ་དང་། སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་བཀའ་སློབ་ཁག་དེབ་གཟུགས་སུ་ཕྱོགས་བསྒྲིགས་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་ཞེས་པའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་དཔེ་དེབ་ཁ་བསྐོང་རྩོམ་སྒྲིག་བྱ་རྒྱུའི་ཆེད་ཚོགས་གཙོ་སྦྲེལ་པོས་སྤྱི་འཐུས་གསུམ་ལས་གྲུབ་པའི་ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་གཞག་གིས་གྲུབ་དོན་སྙན་ཐོ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་གོང་འགོད་འབུལ་དགོས་པ་དང་། དེ་བཞིན་ཕྱོགས་བསྒྲིགས་གནང་བའི་དེབ་གཟུགས་ཁག་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་པར་སྐྲུན་དང་འགྲེམས་སྤེལ་གནང་དགོས་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་བཏོན་པ་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས་སྤྱི་མོས་ཐོག་གཏན་འབེབས་དང་།

ཡིག་ཆ་ཨང་། ༥༩ པ། བོད་ཀྱི་རྒྱལ་དར་དང་འབྲེལ་བའི་ཐད་དེ་སྔ་བཀའ་སྤྱི་གཉིས་ཀྱི་ཚོགས་ཆུང་གི་སྙན་ཐོ་མཇུག་སྐྱོང་དང་། བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས་ཀྱི་བཟོ་དབྱིབས་དང་། མཚོན་མདོག དེ་བཞིན་བོད་ཀྱི་རྒྱལ་གླུའི་གདངས་རོལ་རིང་ཐུང་བཅས་ཚད་ལྡན་གཅིག་གྱུར་ཡོང་ཆེད་རྩ་འཛིན་ལམ་སྟོན་གྱི་ཟིན་བྲིས་བཟོ་ཆེད་ཚོགས་གཙོ་སྦྲེལ་པོས་སྤྱི་འཐུས་གཉིས་དང་བཀའ་ཤག་གི་སྐུ་ཚབ་གཅིག་བཅས་མི་འགྲོ་གསུམ་ལས་གྲུབ་པའི་ཚོགས་ཆུང་བསྐོ་གཞག་གིས་གྲུབ་དོན་སྙན་ཐོ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པར་འགོད་འབུལ་དགོས་རྒྱུའི་ཐོག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་པར། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས་སྤྱི་མོས་ཐོག་གཏན་འབེབས།

ཡིག་ཆ་ཨང་། ༧༣ པ། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༢ པས་རྩིས་ལོ་ ༢༠༢༡་་་༢༢ གཙོས་རྩིས་སྙན་ཁག་ལ་ཞིབ་འཇུག་ཞུས་པའི་གྲུབ་དོན་སྙན་ཐོ་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༩ པའི་ཐོག་ཡིག་ཆ་ཨང་ ༡༤ པ་སྙན་སྒྲོན་ཟིན་པ་ནང་གསལ་མུ་མཐུད་མཇུག་སྐྱོང་རྩིས་གཙང་དགོས་རིགས་འཛིན་སྐྱོང་བཀའ་ཤག་གིས་མཇུག་སྐྱོང་ཕྱག་བསྟར་གྱིས་ལན་འདེབས་གསལ་བཤད་བཅས་འཁོད་པའི་སྙན་ཐོ་ཕྱི་ལོ་ ༢༠༢༥ ཟླ་ ༩ པའི་ཟླ་མཇུག་ནང་ཚུད་སྤྱི་འཐུས་རྒྱུན་ལས་སུ་འབུལ་དགོས་རྒྱུའི་ཐོག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་གནང་བའི་ཐོག་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས།

ཡིག་ཆ་ཨང་། ༧༤ པ། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཐོག་ཚོགས་དུས་འདིའི་སྤྱི་ཡོངས་དགོངས་འཆར་དང་ཁྲིམས་འཆར་ལ་གཞིགས་ཏེ་བསྐྱར་ཞིབ་ནན་ཏན་གྱིས་འཆར་ཟིན་དེར་བཟོ་བཅོས་སམ་གང་དགེའི་སླད་སྤྱི་འཐུས་གཉིས་དང་བཀའ་ཤག་གི་སྐུ་ཚབ་གཅིག་བཅས་ལས་གྲུབ་པའི་ཆེད་འཛུགས་ཚོགས་ཆུང་ཞིག་ཚོགས་གཙོ་སྦྲེལ་པོས་བསྐོ་གཞག་གིས་གྲུབ་དོན་སྙན་ཐོ་དང་། ཁྲིམས་འཆར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པར་འགོད་འབུལ་དགོས་རྒྱུའི་ཐོག་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

དེ་ནས་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཡིག་ཆ་ཨང་ ༧༥ པ། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤་་་༢༠༢༥ ལོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་དོན་ཚན་དང་པོ། འབབ་ཡོང་། “བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ནང་ཚུད་པའི་བཀའ་ཁྲོལ་བསྡོམས་སྒོར་ ༣,༥༤༧,༡༨༢,༥༥༨ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༡༡༣,༠༣༣,༩༠༡ དང་། དོན་ཚན་གཉིས་པ། འགྲོ་སོང་། “རྩིས་ལོ་ ༢༠༢༤་་༢༠༢༥ ལོའི་ལས་ཁུངས་ཁག་གི་སྔོན་རྩིས་བཀའ་འཁྲོལ་ཐོག་བར་བརྒལ་བཀའ་འཁྲོལ་ཞུས་བསྩལ་བསྣན་པའི་མཐའ་མའི་ཕྱོགས་བསྡོམས་འགྲོ་གྲོན་སྔོན་རྩིས་བསྡོམས་སྒོར་ ༣,༦༩༡,༠༡༧,༥༧༨ དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་གནང་བ་བསྡོམས་སྒོར་ ༡༠༡,༢༩༤,༢༤༠ བཅས་སྙན་སྒྲོན་གནང་བ་དང་། དེར་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་དང་།


མཐར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ཚོགས་དུས་དགུ་པའི་མཇུག་བསྡོམས་གསུང་བཤད་གནང་རྗེས། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་གྲོལ་བའི་གསལ་བསྒྲགས་གནང་སྟེ། ཚོགས་འདུ་མཇུག་བསྒྲིལ་གནང་ཡོད།

ཨིན་ཡུལ་རྒྱལ་ས་ལོན་ཊོན་ལ་རྟེན་གཞི་བྱས་པའི་ (Gold Mercury International) ཚོགས་པའི་ཐོག་ནས་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མེར་ཁུ་རི་གསེར་གྱི་གཟེངས་རྟགས་ (Gold Mercury Award) འབུལ་བཞེས་མཛད་པ་དང་། དེ་རྗེས་ཚོགས་པའི་ཚོགས་མི་ཁག་ཅིག་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་སྐབས། གྲོས་ཚོགས་ནས་དགའ་བསུ་ཞུས་གནང་ཡོད་པ་བཅས། །
