
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༧ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དགུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་གཉིས་པ་ཚོགས་གནང་བ་དང་། དེ་ཡང་སྔ་དྲོ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་གཏན་འབེབས་དང་། དེ་རྗེས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་། རྩིས་ཞིབ་སྤྱི་ཁྱབ་པའི་འོས་འདེམས་ལས་རིམ་ཐོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་གྲོས་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། བཀའ་ཟུར་འཕགས་པ་ཚེ་རིང་མཆོག་རྣམ་གཉིས་འོས་བསྡུའི་ལམ་ནས་མང་མོས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་བཅས་ལ་བདམས་ཐོན། དེ་བཞིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཆེ་བཀྲ་ཤིས་སྟོབས་རྒྱལ་ལགས་གྲོས་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོག་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པར་བདམས་ཐོན་བྱུང་ཡོད།

དེ་ཡང་སྔ་དྲོ་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་ཡིག་ཆ་ཨང་། ༥༦ པ། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་སྟེ། རྒྱ་ནག་དམར་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལ་ངོ་རྒོལ་དང་། སྐད་ཡིག་བཀོལ་སྤྱོད་བྱ་རྒྱུར་རང་དབང་སྤྲོད་དགོས་པ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་བཏང་སྟེ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱོད་འཇུག་དགོས་པ། ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པ་དང་། ད་ལྟའི་ཆར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་བཞིན་ཡོད་ཀྱང་། རྒྱ་ཕྱོགས་ནས་གཡས་ཁག་གཡོན་དཀྲིས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མ་བྱེས་ཚེ་མ་འོངས་པར་ཛ་དྲག་གནས་ཚུལ་ཇི་བྱུང་གི་འགན་ཡོངས་རྫོགས་རྒྱ་གཞུང་ལ་ཡོད་པ་ནན་བརྗོད་བྱས་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དོན་ཚན་དྲུག་ཅན་གྱི་གྲོས་ཆོད་གཏན་འབེབས་གནང་སོང་།

དེ་རིང་གི་ལས་རིམ་གཉིས་པར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་འོས་འདེམས་ཐོག བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་ ༡ པོའི་དགོངས་དོན། “ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་། གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།” ཞེས་པའི་ཆ་རྐྱེན་འོག འདེམས་སྒྲུག་ཚོགས་ཆུང་ནས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་དང་། སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་གཉིས་པའི་ཐོག་ངོ་ཡོད་སྤྱི་འཐུས་རྣམས་ནས་གསང་བའི་འོས་ཤོག་འཕངས་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་ལ་འོས་གྲངས་ ༣༡ དང་། སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་ལ་འོས་གྲངས་ ༡༢ ཐོབ་པ་བཅས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་མང་མོས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་བྱུང་བའི་གསལ་བསྒྲགས་དང་།

ཁྲིམས་ཞིབ་པ་གཞན་གྱི་འོས་འདེམས་ཐོག འདེམས་སྒྲུག་ཚོགས་ཆུང་གིས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། ཕུར་བུ་རྡོ་རྗེ་ལགས་བཅས་གསུམ་འཆར་འབུལ་བྱུང་བར། ངོ་ཡོད་སྤྱི་འཐུས་རྣམས་ནས་གསང་བའི་འོས་ཤོག་འཕངས་ཏེ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ལ་འོས་གྲངས་ ༢༥ དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ལ་འོས་གྲངས་ ༤། ཕུར་བུ་རྡོ་རྗེ་ལགས་ལ་འོས་གྲངས་ ༩ ཐོབ་པ་དང་། འོས་གྲངས་ ༤ རྩིས་མེད་བྱུང་བ་བཅས་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་མང་མོས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་བདམས་ཐོན་བྱུང་བའི་གསལ་བསྒྲགས། དེ་བཞིན་ཁྲིམས་ཞིབ་པ་གཞན་གཉིས་པའི་འོས་འདེམས་ཐོག འདེམས་སྒྲུག་ཚོགས་ཆུང་ནས་བཀའ་ཟུར་འཕགས་པ་ཚེ་རིང་མཆོག་དང་། སྤྱི་ཟུར་རྒྱ་རི་སྐལ་བཟང་ཚེ་དབང་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། ངོ་ཡོད་སྤྱི་འཐུས་རྣམས་ནས་གསང་བའི་འོས་ཤོག་འཕངས་ཏེ་བཀའ་ཟུར་འཕགས་པ་ཚེ་རིང་མཆོག་ལ་འོས་གྲངས་ ༣༡ དང་། སྤྱི་ཟུར་རྒྱ་རི་སྐལ་བཟང་ཚེ་དབང་ལགས་ལ་འོས་གྲངས་ ༡༢ ཐོབ་པ་བཅས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བཀའ་ཟུར་འཕགས་པ་ཚེ་རིང་མཆོག་མང་མོས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་ལ་བདམས་ཐོན་བྱུང་བའི་གསལ་བསྒྲགས་གནང་སོང་།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བཅུ་པ། དོན་ཚན་ ༡༠༧ ནང་གསེས་ ༡ པོའི་ (ཀ) ཡི་དགོངས་དོན། “སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ལ་རྩིས་ཞིབ་སྤྱི་ཁྱབ་པ་གཅིག་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་སྐབས། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་། གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།” ཞེས་པའི་ཆ་རྐྱེན་འོག འདེམས་སྒྲུག་ཚོགས་ཆུང་གིས། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཆེ་བཀྲ་ཤིས་སྟོབས་རྒྱལ་ལགས་དང་། རྩིས་ཞིབ་ལས་ཟུར་བསམ་གཏན་ནོར་བུ་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། ངོ་ཡོད་སྤྱི་འཐུས་རྣམས་ནས་གསང་བའི་འོས་ཤོག་འཕངས་ཏེ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཆེ་བཀྲ་ཤིས་སྟོབས་རྒྱལ་ལགས་ལ་འོས་གྲངས་ ༣༢ དང་། བསམ་གཏན་ནོར་བུ་ལགས་ལ་འོས་གྲངས་ ༨ ཐོབ་པ་དང་། འོས་གྲངས་ ༣ རྩིས་མེད་བྱུང་བ་བཅས་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཆེ་བཀྲ་ཤིས་སྟོབས་རྒྱལ་ལ་མང་མོས་ཐོག་རྩིས་ཞིབ་སྤྱི་ཁྱབ་པར་བདམས་ཐོན་བསྐོ་གཞག་བྱུང་བའི་གསལ་བསྒྲགས་གནང་སོང་།






