


ཡིག་ཆ་ཨང་། ༢༢ པ། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི། དོན་ཚན་ལྔ་པ། ཕྱོགས་བསྡོམས་མ་དངུལ། (Consolidated Fund) ཞེས་པའི་དོན་ཚན་ ༣ པ་དང་། དོན་ཚན་དྲུག་པ། ངེས་མེད་དགོས་དངུལ། ཞེས་པའི་ནང་གསེས་ ༡ པོ་དང་། ༣ པ། དོན་ཚན་བདུན་པ། ལོ་འཁོར་སྔོན་རྩིས། ཞེས་པའི་ནང་གསེས་ ༡ པོ་དང་། གསར་འཇུག་ནང་གསེས་ ༡༠ པ་དང་། ༡༡ པ། གསར་འཇུག་དོན་ཚན་བརྒྱད་པ་ཀ འཕྲལ་སེལ་སྔོན་རྩིས། (Interim Budget) དོན་ཚན་དགུ་པ། ཁ་བསྒྱུར། ཞེས་པའི་གསར་འཇུག་ནང་གསེས་ ༣ པ། དོན་ཚན་བཅུ་པ། དངུལ་རྩིས་ལོ་མཚམས། ཞེས་པའི་ནང་གསེས་ ༢ པ། དོན་ཚན་བཅུ་གཅིག་པ། གཏོང་ལེན་དང་། རྩིས་ཀྱི་འགན་དབང་། ཞེས་པའི་ནང་གསེས་ ༢ པ། དོན་ཚན་བཅུ་གཉིས་པ། དངུལ་ཁང་རྩིས་སྒོ། ཞེས་པའི་ནང་གསེས་ ༢ པ་བཅས་ཀྱི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཐོག བརྗོད་པ་གཉིས་པའི་སྐབས་བགྲོ་གླེང་གནང་རྗེས། མང་མོས་ཐོག་ཚོགས་ཆུང་འཛུགས་རྒྱུའི་ཐག་གཅོད་གནང་སོང་། ཡིག་ཆ་ཨང་། ༢༤ ཁ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལེའུ་བཅུ་བདུན་པའི་དོན་ཚན་དོན་ལྔ་པ་དང་། དོན་དྲུག་པ་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཐོག བརྗོད་པ་གཉིས་པའི་སྐབས་བགྲོ་གླེང་གནང་རྗེས། གྲོས་ཚོགས་ཚོགས་དུས་བཅུ་པ་བར་གྲང་སངས་བཏང་སོང་།

ཡིག་ཆ་ཨང་ ༢༥ པ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་དྲུག་པའི་ནང་གསེས་ ༤ པ་དང་། དོན་ཚན་བདུན་པའི་ནང་གསེས་ ༤ པ། དོན་ཚན་བཅུ་པའི་ནང་གསེས་ ༢ པ། དོན་ཚན་བཅུ་གསུམ་པའི་ནང་གསེས་ ༡ པོ། ཡིག་ཆ་ཨང་། ༢༦ པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི། དོན་ཚན་བདུན་པའི་ནང་གསེས་ ༡ པོ། ཡིག་ཆ་ཨང་། ༢༧ པ། བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་ལྔ་པའི་ནང་གསེས་ ༤ པ། ཡིག་ཆ་ཨང་། ༢༨ པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ཕོགས་ཐོབ་དང་། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་དྲུག་པའི་ནང་གསེས་ ༤ དང་། དོན་ཚན་བདུན་པའི་ནང་གསེས་ ༤ པ། ཡིག་ཆ་ཨང་། ༢༩ པ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་དྲུག་པའི་ནང་གསེས་ ༤ པ་དང་། དོན་ཚན་བདུན་པའི་ནང་གསེས་ ༤ པ། ཡིག་ཆ་ཨང་། ༣༠ པ། འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་དྲུག་པའི་ནང་གསེས་ ༤ པ་དང་། དོན་ཚན་བདུན་པའི་ནང་གསེས་ ༤ པ། ཡིག་ཆ་ཨང་། ༣༡ པ། བཙན་བྱོལ་བོད་མིའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་དྲུག་པའི་ནང་གསེས་ ༤ པ་དང་། དོན་ཚན་བདུན་པའི་ནང་གསེས་ ༤ པ། དོན་ཚན་བཅུ་པའི་ནང་གསེས་ ༢ པ་བཅས་ཀྱི་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཐོག་གྲོས་ཚོགས་ནས་བརྗོད་པ་གཉིས་པའི་སྐབས་བགྲོ་གླེང་དང་བཅས་མང་མོས་ཐོག་གཏན་འབེབས་དང་། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་དེ་དག་ཐོག་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་གིས་བཟོ་བཅོས་ཁྲིམས་འཆར་བཏོན་གནང་བ་དེ་བཞིན་ཟགས་སོང་།

ཉིན་རྒྱབ་ཡིག་ཆ་ཨང་། ༣༢ པ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ཁྲིམས་འཆར་ཐོག བརྗོད་པ་གཉིས་པའི་སྐབས་བགྲོ་གླེང་དང་བཅས་དོན་ཚན་ ༦༩ པའི་ནང་གསེས་ ‘ཏ‘ ཟགས་པ་དང་། གཞན་དོན་ཚན་རྣམས་སྤྱི་མོས་ཐོག་གཏན་འབེབས་དང་། ཡིག་ཆ་ཨང་། ༣༣ པ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟགས་རྩ་འཛིན་ཁྲིམས་ཡིག་གི་ཁྲིམས་འཆར་གྱི་དོན་ཚན་གསུམ་པའི་ནང་གསེས་ ༡ པོའི་ཐོག་གཞུང་འབྲེལ་ཁྲིམས་ཡིག་ལ་བཟོ་བཅོས་ཁྲིམས་འཆར་ཞིག་སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་ཀྱིས་བཏོན་པ་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་གཉིས་པའི་ཐོག་གྲོས་ཚོགས་ནས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་རྣམས་སྤྱི་མོས་ཐོག་གཏན་འབེབས། ཡིག་ཆ་ཨང་། ༣༤ པ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་དྲུག་པའི་ནང་གསེས་ ‘ཁ’ དང་། དོན་ཚན་བཅུ་པའི་ནང་གསེས། ‘ཀ’ ཡི་ ༡ པོ་དང་། དོན་ཚན་བཅུ་གཅིག་པའི་ནང་གསེས། ‘ཁ’ དོན་ཚན་བཅུ་གཉིས་པ། དོན་ཚན་བཅུ་བཞི་པའི་ནང་གསེས། ‘ཀ’ དོན་ཚན་ཞེ་གསུམ་པ་བཅས་ཀྱི་ཐོག་གཞུང་འབྲེལ་ཁྲིམས་ཡིག་ལ་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་བཟོ་བཅོས་ཁྲིམས་འཆར་བཏོན་པར། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་གཉིས་པའི་ཐོག་ནས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་ཁག་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

དེ་རྗེས། དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ཡིག་ཆ་ཨང་། ༤༢ འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དང་། བདེ་སྐྱིད་སླར་གསོ་མཉམ་འབྲེལ། སྤུར་ཝ་ལ་ས་སྐྱ་ཚོགས་པ། ས་ཊོན་ཁམས་ཀཿཐོག་ཚོགས་པ་བཅས་ཀྱི་གཙང་ཁེའི་བརྒྱ་ཆ་ཆག་ཡང་གཏོང་རྒྱུ་དང་། ཡིག་ཆ་ཨང་། ༤༣ བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་མཉམ་འབྲེལ་གྱི་ས་ཆ་ཚོང་བསྒྱུར་བྱས་པའི་གཙང་ཁེའི་འབབ་ཆག་ཡང་གཏོང་རྒྱུ། ཡིག་ཆ་ཨང་། ༤༤ དྷ་སྟེང་བོད་ཁྱིམ་གྱི་རོགས་དངུལ་འབུལ་བསྡད་ཆག་ཡང་གཏོང་རྒྱུ། ཡིག་ཆ་ཨང་། ༤༥ བལ་ཡུལ་གངས་ཅན་བདེ་རྩའི་རོགས་དངུལ་ལས་འཛིན་སྐྱོང་བརྒྱ་ཆ་འབུལ་བསྡད་ཆག་ཡང་གཏོང་རྒྱུ་བཅས་ཀྱི་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་གནང་བར། གྲོས་ཚོགས་ནས་བགྲོ་གླེང་དང་བཅས་མང་མོས་ཐོག་གྲོས་ཆོད་ཁག་རིམ་པས་གཏན་འབེབས་གནང་སོང་།
ལས་རིམ་མཐའ་མར། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྐབས་ ༡༢ པའི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་དང་། དྲུང་ཆེ་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་འགོ་འཛུགས་པ་དང་། ཚོགས་ཐུན་ལྔ་པ་དེ་བཞིན་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོ་སྐྱོང་གནང་ཡོད་པ་བཅས། །

