
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༧ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དགུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ པའི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་པ་ཚོགས་གནང་ཡོད།

དེ་ཉིན་སྔ་དྲོ་ཐོག་མར་སྤྱི་འཐུས་རིག་འཛིན་ལྷུན་གྲུབ་ལགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཞིག་བཏོན་གནང་བར། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་དང་། དེ་རྗེས་སྤྱི་འཐུས་རྣམ་པས་འཕྲོས་དོན་དྲི་བ་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དེ་ནས་མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། གཏན་འབེབས་གནང་བའི་ཐོག ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། སྦེང་ལོར་ལྷོ་ཕྱོགས་གཞིས་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་བདུན་གྱི་ཟུར་བཀོལ་སྔོན་རྩིས། ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན། དམིགས་བསལ། ཟུར་བཀོལ་སྔོན་རྩིས་གཏན་འབེབས་དང་། ནང་སྲིད་ལས་ཁུངས་ཀྱི་རྩིས་ལོ་ ༢༠༢༥་་་༢༦ ལོའི་དམིགས་བསལ་སྔོན་རྩིས་ཐོག་ཧིན་སྒོར་ ༦༣,༧༦༧,༠༨༩ གཅོག་ཆའི་གྲོས་འཆར་ཞིག་དང་། ཟུར་བཀོལ་སྔོན་རྩིས་ཐོག་ཧིན་སྒོར་ ༣,༢༡༢,༧༥༠ སྤར་ཆའི་གྲོས་འཆར། དེ་བཞིན་ཟུར་བཀོལ་སྔོན་རྩིས་ཐོག་ཧིན་སྒོར་ ༡༢༦,༣༣༧,༤༨༤ གཅོག་ཆའི་གྲོས་འཆར་ཞིག་བཅས་དཔལ་ལྡན་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བཏོན་གནང་བར། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་ནང་སྲིད་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས་གཏན་འབེབས། ཨོ་སི་ཀྲོ་ལི་ཡ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་རྩིས་ལོ་ ༢༠༢༥་་་༢༦ ལོའི་ཟུར་བཀོལ་སྔོན་རྩིས་ཐོག་ཧིན་སྒོར་ ༧༡,༨༡༨,༢༡༠ སྤར་ཆའི་གྲོས་འཆར་ཞིག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་བཏོན་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་ཨོ་སི་ཀྲོ་ལི་ཡ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་ཟུར་བཀོལ་སྔོན་རྩིས་གཏན་འབེབས། ཕྱི་དྲིལ་བཀའ་བློན་མཆོག་གིས་བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྩིས་ལོ་ ༢༠༢༥ ་་་༢༦ ལོའི་དམིགས་བསལ་སྔོན་རྩིས་ཐོག་བལ་སྒོར་ ༤༦,༣༡༧,༧༦༣ སྤར་ཆའི་གྲོས་འཆར་ཞིག་བཏོན་གནང་བར། དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་གཏན་འབེབས། ཚོགས་ཐུན་ལྔ་པའི་ཐོག་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་སྔོན་རྩིས་གཏན་འབེབས་དང་། ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྩིས་ལོ་ ༢༠༢༥་་་༢༦ ལོའི་དམིགས་བསལ་སྔོན་རྩིས་ཐོག་ཨ་སྒོར་ ༤,༠༠༠,༠༠༠ གཅོག་ཆའི་གྲོས་འཆར་ཞིག་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མལགས་ཀྱིས་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས། བགྲོ་གླེང་གནང་འགོ་འཛུགས་སོང་།

ནང་སྲིད་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས། སྡོད་ཁང་མེད་མཁན་ཆེད་སྡོད་ཁང་གསར་སྐྲུན་གྱི་ལས་གཞིར་བསྔགས་བརྗོད་དང་མུ་མཐུད་རྒྱུན་འཁྱོངས་གནང་དགོས་པ། སྦེལ་ཀོབ་གཞུང་ལམ་གསར་རྒྱག་ལས་གཞི། མཉམ་འབྲེལ་བསྐྱར་ཞིབ། རྡོར་གླིང་བོད་མིའི་རང་འཚོ་བཟོ་གྲྭའི་གནས་སྟངས། ལྷོ་ཕྱོགས་ཁུལ་གྱི་བོད་མིའི་སྐྱབས་བཅོལ་ལག་དེབ་འཕར་འགྱངས་ཀྱི་དཀའ་ངལ་དང་། བལ་ཡུལ་གནས་སྡོད་བོད་མི་ཚོའི་ཡིག་ཆའི་དཀའ་ངལ་སེལ་ཐབས་སྐོར། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བར། དཔལ་ལྡན་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །

