
དེ་ཡང་སྔ་དྲོ་མུ་མཐུད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་འགོ་བཙུགས་ཤིང་། ཕྱི་དྲིལ་ཁྱབ་ཁོངས་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས་སྤྱི་མོས་ཐོག་གཏན་འབེབས། སུད་སི་སྐུ་ཚབ་དོན་གཅོད་ཀྱི་རྩིས་ལོ་ ༢༠༢༥་་་༢༦ ལོའི་ཟུར་བཀོལ་སྔོན་རྩིས་ཐོག་ཧིན་སྒོར་ ༡༠,༦༠༢,༧༤༧ གཅོག་ཆའི་གྲོས་འཆར་ཞིག་བཏོན་པ་ལྟར་གྲོས་ཚོགས་ནས་གཅོག་ཆ་གནང་རྗེས་སྤྱི་མོས་གཏན་འབེབས། ཨིན་ལེན་སྐུ་ཚབ་དོན་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ཨིན་ལེན་སྐུ་ཚབ་དོན་ཁང་གི་བོད་ཁང་ཐེབས་རྩའི་ཟུར་བཀོལ་སྔོན་རྩིས། ཉི་འོང་སྐུ་ཚབ་དོན་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ། ཉི་འོང་སྐུ་ཚབ་དོན་ཁང་གི་བོད་ཁང་ཐེབས་རྩའི་ཟུར་བཀོལ། བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། རུ་སོག་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་ལས་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་སྤྱི་མོས་གཏན་འབེབས་གནང་སོང་།

སྐུ་ཚབ་དོན་གཅོད་ཁག་གི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས། བོད་ཀྱི་སྐུ་ཚབ་དོན་གཅོད་ཁག་གི་ལས་བྱེད་རྣམ་པ་དང་། རྒྱལ་ཁབ་སོ་སོའི་གྲོས་ཚོགས་བོད་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དབུས་པའི་ཚོགས་མི་རྣམ་པ། འབྲེལ་ཡོད་ལས་བྱེད་སོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམ་པ་བོད་དོན་ཞུ་སྐུལ་ཕེབས་སྐབས་ལས་རིམ་གོ་སྒྲིག་ཚགས་ཚུད་དང་། དུས་རྒྱུན་ལས་དོན་གནང་ཕྱོགས་ལ་བསྔགས་བརྗོད་དང་། ཕྱི་རྒྱལ་ལ་བསྐྱོད་སྐབས་གཞིས་སྤོས་ལས་ཁུངས་ཀྱི་ཐོག་ནས་ཕྱི་བསྐྱོད་ལག་དེབ་སེར་པོའི་སྐོར་དེ་ཙམ་རྒྱུས་མངའ་མེད་པའི་དཀའ་ངལ་སྐོར་དང་། ཕྱིར་ཐོན་ཡིག་ཆ་ (Exit Permit) དང་། ཕྱིར་ལོག་མཐོང་མཆན་ (Return Visa) དུས་ཐོག་མ་རག་པའི་དཀའ་ངལ་སེལ་ཐབས། རུ་སོག་སྐུ་ཚབ་དོན་གཅོད་ཀྱི་གནས་སྟངས། ཕ་རན་སིའི་ནང་རྟེན་གཞི་བྱས་པའི་འགྲེམ་སྟོན་ཁང་གཉིས་ཀྱིས་ཨིན་ཡིག་ཐོག་བོད་ (Tibet) ཞེས་པའི་ཚབ་ཏུ་ (Xizang) དང་། ཧི་མཱ་ལ་ཡ་ཞེས་བེད་སྤྱོད་བཏང་བའི་ཐོག་བོད་མིའི་སྒྲིག་འཛུགས་ངོས་ནས་ངོ་རྒོལ་དང་དགག་ལན་གང་གནང་ཡོད་མེད་སྐོར། བེལ་ཇི་ཡམ་བོད་རིགས་ཚོགས་པའི་དཀའ་ངལ་སྐོར་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་དང་། རྩིས་དང་འབྲེལ་བའི་དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

གཞན་ཡང་དེ་ཉིན་བཞུགས་སྒར་དྷ་རམ་ས་ལའི་ (Sub-Divisional Magistrate (SDM)) སྐུ་ཞབས་སན་ཇིབ་བྷོཊ་ (Shri Sanjeev Bhot) མཆོག་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་པར་གྲོས་ཚོགས་ནས་དགའ་བསུ་ཞུས་གནང་ཡོད་པ་བཅས། །
