
དེ་ཡང་སྔ་དྲོ་མུ་མཐུད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་འགོ་བཙུགས་ཤིང་། ཕྱི་དྲིལ་ལས་ཁུངས་དང་། ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས། སྣར་ཐང་པར་ཁང་གི་ལས་དོན་བྱེད་ཕྱོགས་སྐོར་དང་། ༧སྐུའི་གོ་སྟོན་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྤེལ་ཕྱོགས། ཨ་རིའི་རླུང་འཕྲིན་ཁང་དང་། ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་ད་ལྟའི་གནས་སྟངས་དང་བསྐྱར་གསོ་དགོས་གལ། བོད་ཀྱི་སྒྲ་བརྙན་ཚན་པས་གསར་འགྱུར་རྣམས་མདོ་དབུས་ཁམས་གསུམ་གྱི་སྐད་ཡིག་ཐོག་རྒྱང་བསྲིང་གནང་གལ། མཐོ་སློབ་ཁག་གི་ནང་སྐོར་སྐྱོད་འགྲེམས་སྟོན་གནང་བ་བརྒྱུད་མུ་མཐུད་བོད་དོན་སྐོར་ངོ་སྤྲོད་གནང་གལ་ཆེན་པོ་ཡིན་པ། བོད་མིའི་འདུ་སྡོད་ས་གནས་ཆེ་ཁག་ནང་འགྲེམས་སྟོན་ཁང་གསར་པ་འཛུགས་ཐབས། ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་སུད་སི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐོག་གསུང་བཤད་ཀྱི་ལས་རིམ་ཐོག་ནས་ས་གནས་སུ་བོད་དོན་ཞུ་གཏུག་ཚགས་ཚུད་བྱུང་བ་དང་། མུ་མཐུད་རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུག་གནང་རྒྱུའི་ཐོག་མཐུན་འགྱུར་སྦྱར་ཐབས། བོད་མིའི་སུད་ཚོང་ས་གནས་ཁག་ཏུ་བོད་དོན་ངོ་སྤྲོད་ཡོང་ཐབས་སུ་མཐུན་འགྱུར་སྦྱར་དགོས་གལ། ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་གཙོས་པའི་འབྲེལ་ཡོད་མི་སྣ་རྣམས་ལ་རྒྱ་ནག་དམར་གཞུང་གིས་སྲིད་དོན་ཉེས་ཆད་བཀལ་བར་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་དམར་གཞུང་ལ་ལན་འདེབས་དང་། ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་འབྲེལ་ཡོད་རྣམས་ལ་རྒྱབ་སྐྱོར་ཇི་ལྟར་གནང་མིན་སྐོར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ཞིབ་འཇུག་སྙན་ཐོ་ཇི་ཙམ་འདོན་སྤེལ་གནང་ཡོད་མེད་དང་། བོད་ཀྱི་ས་ཁྲ་གསར་བཟོའི་གལ་གནད་སྐོར། བོད་དོན་དང་འབྲེལ་བའི་ཚོགས་འདུ་དང་བགྲོ་གླེང་ལས་རིམ་ཐོག་མཉམ་ཞུགས་གནང་གལ་ཆེན་པོ་ཡིན་པ་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་དང་། རྩིས་དང་འབྲེལ་བའི་དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

བགྲོ་གླེང་གྲུབ་རྗེས། ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས་བཅས་སྤྱི་མོས་ཐོག་གཏན་འབེབས་དང་། ཕྱི་དྲིལ་བཀའ་བློན་མཆོག་གིས་ཕྱི་དྲིལ་ལས་ཁུངས་ཀྱི་རྩིས་ལོ་ ༢༠༢༥་་་༢༦ ལོའི་ཟུར་བཀོལ་སྔོན་རྩིས་ཐོག་ཧིན་སྒོར་ ༤,༨༨༡,༠༠༠ གཅོག་ཆའི་གྲོས་འཆར་ཞིག་བཏོན་པ་ལྟར་གྲོས་ཚོགས་ནས་གཅོག་ཆ་གནང་རྗེས་སྤྱི་མོས་ཐོག་གཏན་འབེབས། དེ་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས་སྤྱི་མོས་ཐོག་གཏན་འབེབས། ཕྱི་དྲིལ་བཀའ་བློན་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྩིས་ལོ་ ༢༠༢༥་་་༢༦ ལོའི་ཟུར་བཀོལ་སྔོན་རྩིས་ཐོག་ཧིན་སྒོར་ ༥,༡༤༢,༦༠༠ གཅོག་ཆའི་གྲོས་འཆར་བཏོན་པ་ལྟར་གྲོས་ཚོགས་ནས་གཅོག་ཆ་གནང་རྗེས་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད་པ་བཅས། །
