
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༧ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དགུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་གསུམ་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་མུ་མཐུད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་འགོ་བཙུགས་ཤིང་། ཐོག་མར་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་འགྲོ་གྲོན་བཅས་སྙན་སྒྲོན་གནང་རྗེས། གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་དང་། བདེ་སྲུང་བཀའ་བློན་མཆོག་གིས་བདེ་སྲུང་ལས་ཁུངས་ཀྱི་རྩིས་ལོ་ ༢༠༢༥་་་༢༠༢༦ ལོའི་ཟུར་བཀོལ་སྔོན་རྩིས་ཐོག་ཧིན་སྒོར་ ༥,༡༥༥,༧༦༨་༠༠ གཅོག་ཆའི་གྲོས་འཆར་ཞིག་བཏོན་པ་ལྟར་གྲོས་ཚོགས་ནས་གཅོག་ཆ་གནང་རྗེས། བདེ་སྲུང་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས་སྤྱི་མོས་གཏན་འབེབས་དང་། དེ་ནས་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་སྔོན་རྩིས་ཐོག་བགྲོ་གླེང་གནང་བཞིན་ཡོད་པ་རེད།


ཕྱི་དྲིལ་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས། བོད་ནས་རྒྱ་གར་ལ་ཕེབས་པའི་བོད་མི་རྣམས་ཀྱིས་དཀའ་སྡུག་མྱངས་བའི་པར་རིགས་སྐོར་འགྲེམས་སྟོན་ཁང་ནང་འཇོག་རྒྱུ་གལ་ཆེན་པོ་ཡིན་པ། རྒྱ་གར་དང་། ཨ་རི། ཡུ་རོབ་སོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་གནད་ཡོད་མི་སྣ་ཟུར་པ་རྣམས་ལའང་མཇལ་འཕྲད་གནང་རྒྱུ་གལ་ཆེན་པོ་ཡིན་པ། རྒྱ་གར་གྱི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་དགོས་པ། གསར་དུ་ཕེབས་པའི་གྲོས་ཚོགས་འཐུས་མི་གཞོན་སྐྱེས་རྣམས་བོད་དོན་རྒྱབ་སྐྱོར་བའི་ཚོགས་པའི་ནང་འཛུལ་ཞུགས་གནང་ཐབས། གསུམ་བཅུའི་དུས་དྲན་སྐབས་ཨ་རི་དང་། ཨོ་སི་ཀྲོ་ལི་ཡའི་མངའ་སྡེ་ཁག་ཅིག་གི་གྲོང་ཁྱེར་ལྷན་ཚོགས་ཀྱི་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཐུབ་པར་བསྔགས་བརྗོད། ཨ་རིའི་རླུང་འཕྲིན་ཁང་དང་། ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་ད་ལྟའི་གནས་སྟངས་དང་དཀའ་ངལ་སེལ་ཐབས། ད་ལྟའི་སྐབས་སུ་བོད་ཀྱི་སྒྲ་བརྙན་ཚན་པའི་ལས་རིམ་ཤུགས་ཆེ་རུ་གཏོང་དགོས་པ། མཐོ་སློབ་ཁག་གི་ནང་བོད་དོན་སྐོར་མུ་མཐུད་འགྲེམས་སྟོན་གནང་རྒྱུ་གལ་ཆེན་པོ་ཡིན་པ། ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐོག་གསུང་བཤད་ཀྱི་ལས་རིམ་གང་ལེགས་བྱུང་བའི་སྐོར། བོད་རིགས་བྱས་རྗེས་ཅན་རྣམས་ལ་བོད་མིའི་སྒྲིག་འཛུགས་ནས་ཆེ་བསྟོད་གཟེངས་རྟགས་འབུལ་རྒྱུའི་གལ་གནད་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་དང་། རྩིས་དང་འབྲེལ་བའི་དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།།