
གྲོས་བསྡུར་གྱི་བརྗོད་གཞི་གཙོ་བོ་ཞིག་ནི། ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༦ ཉིན་ལུ་སེན་གྲོང་ཁྱེར་དུ་གོ་སྟོན་སྲུང་བརྩི་དང་། དེ་བཞིན་སུད་སི་གྲོས་ཚོགས་ཚོགས་ཁང་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་གྲ་སྒྲིག་སྐོར་གྲོས་བསྡུར་གནང་། དེ་མ་ཟད་མ་འོངས་པར་སུད་སིའི་གྲོས་ཚོགས་འཐུས་མི་རྣམས་བཞུགས་སྒར་དྷ་རམ་ས་ལ་མཚམས་གཟིགས་གནང་ཕྱོགས་ཐད་གྲོས་བསྡུར་བྱུང་ཡོད།
ལྷག་དོན་དུ་ཚོགས་འདུ་འདིའི་་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཡང་སྲིད་སྐོར་ལ་དོགས་འདྲི་གནང་པར་སུད་སི་དོན་གཅོད་ཀྱིས་ལན་འདེབས་གནང་ཡོད། གཞན་ཡང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཉེ་ལམ་སུད་སི་ནང་གི་བོད་མིའི་གནད་དོན་དང་། ལྷག་པར་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཐོག་སྙན་ཐོ་བཏོན་པར་སུད་སིའི་གཞུང་དང་སུད་སིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་ཐུགས་རྗེ་ཆེ་ཞུས་ཡོད།
གཞན་ཡང་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་རྩོམ་གནང་པའི་ཕྱག་དེབ་སྨྲ་བརྫོད་རང་དབང་མེད་པའི་སྐྱེ་བོའི་མགྲིན་ཚབ་ནང་ “འཛམ་གླིང་རྒྱལ་ཁབ་དང་མི་རིགས་ཡོངས་དང་། ལྷག་པར་བོད་མི་དང་མཉམ་གནས་གནང་མཁན་ཚོར། ཁྱེད་རྣམས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་མ་ཟད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་བོད་དོན་ཐོག་དོ་སྣང་གནང་བས།” ང་ཚོར་མུ་མཐུད་སེམས་ཤུགས་སྩོལ་བ་དང་སེམས་གསོ་གནང་བཞིན་པར། ངས་ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོའི་མི་རིགས་ཀྱི་ལོ་རྒྱུས་རིང་པོའི་ནང་དུས་སྐབས་ཛ་དྲག་དང་འགག་འཕྲང་ཅན་འདིར་བོད་དོན་བརྗེད་ཐབས་མི་གནང་བར་ཞུ་རྒྱུ་ཡིན། ཞེས་འཁོད་པ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཚོགས་འདུ་སྐབས་སུ་སྒྲོགས་སྦྱང་གནང་བ་དང་། བཀའ་སློབ་འདི་ནི་འདིར་བཞུགས་པའི་གྲོས་ཚོགས་འཐུས་མི་རྣམས་ལ་གནང་བ་ཞིག་ཀྱང་ཡིན་པས་སུད་སི་གྲོས་ཚོགས་ནས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རོགས་ཞུས་ཡོད། དེ་བཞིན་ཚོགས་འདུར་ཕེབས་པའི་གྲོས་ཚོགས་ཚོགས་མི་རྣམས་ལ་༸གོང་ས་མཆོག་གི་ཨིན་ཡིག་གི་ཕྱག་དེབ་ཕྱག་རྟགས་སུ་ཕུལ་ཡོད། རྗེས་སུ་ཇར་མན་དང་སྐད་ཡིག་གཞན་ཐོག་བྱུང་མཚམས་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་དཔོན་རིགས་རྣམས་ལ་ཕྱག་རྟགས་སུ་འབུལ་འཆར་ཡོད། །