
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ (STP) ཟུར་ཚོགས་ཐོག་མཉམ་ཞུགས་གནང་ནས་བོད་ནང་དུ་ཡུན་རིང་གི་དཀའ་ངལ་ཆེན་པོ་ཡོད་པའི་སྐོར་ལ་གསུང་བཤད་གནང་ཡོད། སྐབས་དེར་སྐུ་ཚབ་དོན་གཅོད་ནས་དེ་སྔོན་སི་ལོ་ཝེ་ཀི་ཡའི་ཆབ་སྲིད་མི་སྣ་ལྷན་དུ་རྒྱ་གར་དྷ་རམ་ས་ལར་གསུམ་བཅུའི་དུས་དྲན་ཐེངས་ ༦༦ ལ་མཉམ་ཞུགས་གནང་བ་ཕྱིར་དྲན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་སྐབས་ཀྱི་ཡིད་འགུལ་ཐེབས་པའི་གནས་ཚུལ་ངོ་སྤྲོད་གནང་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཆིབས་བསྒྱུར་གནང་བའི་སྐབས་སུ་ལྷ་ས་སྐྱིད་ཆུ་བརྒལ་བའི་དུས་སྐབས་སུ་ལྷ་སར་རྒྱང་གཟིགས་གནང་བ་དང་། བོད་མི་དམངས་ལ་ཐུགས་སྨོན་གནང་བའི་སྐོར་ནས་དབུ་བཙུགས་ཏེ་གསུང་བཤད་འགོ་འཛུགས་གནང་ཡོད་པ་རེད།
སྐུ་ཚབ་དོན་གཅོད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གསུམ་གྱི་ཐོག་ནས་གསུང་བཤད་གནང་ཡོད། དང་པོ། བོད་མིའི་ངོ་བོ་དང་། རིག་གནས། སློབ་གསོ་སྲུང་སྐྱོབ། སྐུ་ཚབ་དོན་གཅོད་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཡིན། རྒྱུ་མཚན་ནི་བོད་ཀྱི་ཐུན་མོང་གི་ངོ་བོ་གནས་ཐུབ་མིན་གྱི་ཉེན་ཁ་ཆེན་པོ་ཞིག་འཕྲད་བཞིན་པ་རེད། བོད་དུ་བོད་ཀྱི་བྱིས་པ་བཙན་དབང་གིས་ཕ་མ་དང་ཁ་བྲལ་ནས་བཅའ་སྡོད་སློབ་གྲྭ་བཅུག་ཡོད་པ་དང་། བཅའ་སྡོད་སློབ་གྲྭ་རུ་རྒྱ་ནག་གི་སྤྱི་སྐད་ཟེར་བ་དང་པོ་ཡིན་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གནས་ཉིན་རེ་ནས་ཉིན་རེར་ཉམས་རྒུད་དུ་འགྲོ་བཞིན་ཡོད།

གཉིས་པ། ཆོས་དད་རང་དབང་དང་བསམ་བློ་རང་དབང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་བོད་ཀྱི་ཆོས་དད་རང་དབང་ལ་དམ་དྲག་མུ་མཐུད་བྱེད་བཞིན་པར་བློ་ཚབས་ཆེན་པོ་ཡོད་པ་བརྗོད་པ་དང་། ལྷག་པར་༸་གོང་ས་མཆོག་གི་སྐུ་པར་བོད་མིའི་ཁྱིམ་ཚང་ནང་འགྲེམ་འཇོག་བྱེད་པར་དམ་དྲག་བྱེད་བཞིན་པ་ཡང་ཚུད་ཡོད་པའི་སྐོར་ནན་བརྗོད་གནང་སོང་། དེ་བཞིན་སྐུ་ཚབ་དོན་གཅོད་ཀྱིས་པཎ་རིན་པོ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གར་སོང་ཆ་མེད་གྱུར་ནས་ལོ་ངོ་ ༣༠ སོང་བ་དྲན་སྐུལ་དང་བཅས། རྒྱ་སྤྱིའི་སྤྱི་ཚོགས་ནས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་འགྲེལ་བཤད་དགོས་པའི་འབོད་སྐུལ་རྒྱུན་མཐུད་གནང་ཡོད་ཀྱང་རྒྱ་ནག་གཞུང་གིས་ཁ་གསལ་གྱི་ལན་ཅི་ཡང་གནང་གི་མེད་པ་སོགས་ངོ་སྤྲོད་གནང་།
གསུམ་པ། ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཚོགས་བདེ་དོན། སྐུ་ཚབ་དོན་གཅོད་ནས་བརྗོད་དོན་ལ། རྒྱ་ནག་གཞུང་གིས་བོད་དུ་གཞི་རྒྱ་ཆེ་བའི་ཆུ་མཛོད་རྒྱག་གི་ཡོད་པར་བློ་ཚབས་ཆེན་པོ་ཡོད། ལྷག་པར་ཆུ་མཛོད་རྒྱག་དུས་ས་གནས་མི་མང་ལ་གྲོས་མོལ་མེད་པར་བོད་ཀྱི་འབྲོག་པ་དང་ཞིང་པ། དེ་བཞིན་གྲྭ་བཙུན་འབོར་ཆེན་བཙན་དབང་གིས་གནས་སྤོར་བྱེད་ཀྱི་ཡོད། རྒྱ་ནག་གི་ལས་གཞི་དེ་དག་གིས་བོད་ཀྱི་རང་བྱུང་ཡུལ་ལྗོངས་འགྱུར་བ་གཏོང་གི་ཡོད། དེ་མ་ཟད་བོད་མི་རིགས་ཀྱི་འཚོ་བ་དང་རིག་གཞུང་སྲོལ་རྒྱུན་བརྒྱུད་འཛིན་བྱེད་པར་ཉེན་ཁ་ཆེན་པོ་བྱུང་གི་ཡོད།

གཞན་ཡང་ཟུར་ཚོགས་སྐབས་སུ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་ (Voice for the Voiceless) ཟེར་བའི་ལེའུ་ ༡༥ ད་ལྟའི་གནས་སྟངས་དང་མ་འོངས་བའི་ལམ་ག་ཟེར་བའི་ནང་གི་གསུང་ལུང་འདྲེན་གནང་ཡོད།
སུད་སི་སྐུ་ཚབ་དོན་གཅོད་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་དང་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་གཉིས་ཟུར་ཚོགས་སུ་མཉམ་བཅར་ཞུས་ཡོད། །