༄༅། །སུད་སི་རི་ཀོན་ཆོས་འཁོར་དགོན་གྱིས་གོ་སྒྲིག་གནང་བ་ལྟར་བོད་ཟླ་དང་པོའི་ཚེས་གཅིག་ཉིན་རི་ཀོན་ཆོས་འཁོར་དགོན་དུ་བོད་རབ་གནས་ཤིང་མོ་སྦྲུལ་ལོའི་གནམ་ལོ་གསར་བཞད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་སུད་སི་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་མཛད་སྒོར་ཞུགས་ཡོད།
ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༢༨ ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་སུད་སི་རི་ཀོན་ཆོས་འཁོར་དགོན་གྱིས་བོད་རབ་གནས་ཤིང་མོ་སྦྲུལ་ལོའི་གནམ་ལོ་གསར་བཞད་ཀྱི་རྟེན་འབྲེལ་མཚོན་བྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མགྲོན་འབོད་ལྟར་སུད་སི་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་དོན་གཅོད་ཁང་གི་ཚབ་གནང་ནས་མཛད་སྒོར་ཕེབས་ཡོད་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།མཛོད་སྒོ་སྐབས་སུ་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་རི་ཀོན་དགོན་གྱི་མཁན་རིན་པོ་དང་། དོན་གཅོད་ཁང་གི་སྐུ་ཚབ་སངས་རྒྱས་སྐྱབས་ལགས། སྤྱི་ཟུར་རྣམ་པ། བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་གཞོན་བཅས་ཀྱི་སྤོས་སྣེའི་གདན་འདྲེན་ཞུས་པ་དང་། མཁན་པོ་དང་སུད་སི་དོན་ཁང་གི་སྐུ་ཚབ་ནས་རྟེན་གསུམ་འདེགས་འབུལ་གནང་རྗེས་ཆོས་ཕྱོགས་ཀྱི་སྨོན་ལམ་གསོལ་འདེབས་གནང་ཡོད།

སྨོན་ལམ་གསོལ་འདེབས་གྲུབ་རྗེས་མི་མང་གིས་རི་ཀོན་ཆོས་འཁོར་དགོན་དུ་མཆོད་མཇལ་དང་བསང་གསོལ་གནང་ཡོད། བོད་རིགས་མི་མང་བརྒྱ་ཕྲག་འགའ་ལོ་གསར་པའི་མཛོད་སྒོ་འདིར་མཉམ་ཞུགས་གནང་ཡོད། །