༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༠ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ཕྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་ཏེ་ལོ་ངོ་ ༦༦ འཁོར་བའི་གཞུང་འབྲེལ་མཛད་སྒོ་སྲུང་རྩི་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་བསམ་ཡས་གླིང་ཉིན་སློབ་མདུན་ཐང་དུ་སྐུ་མགྲོན་གཙོ་བོ་ལྡི་ལི་སྐུ་ཚབ་དོན་གཅོད་སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་ཟུར་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས། ས་གནས་རང་བདེན་ཚོགས་གཙོ་དང་རྒྱུན་ལས། ས་གནས་ཀྱི་བརྒྱ་དཔོན་རྣམ་པ། སློབ་གྲྭའི་དགེ་ཆེ་དང་དགེ་ལས། ས་གནས་འཕྲོད་བསྟེན་སྨན་ཁང་དང་ཡན་ལག་སྨན་རྩིས་ཁང་གི་ལས་བྱེད། དེ་བཞིན་ས་གནས་ཀྱི་ཚོགས་སྡེ་ཁག་གི་རྒྱུན་ལས་རྣམས་འདུ་འཛོམས་བྱུང་རྗེས་ཉིན་སློབ་སློབ་མ་རྣམས་ནས་གསུམ་བཅུའི་དྲན་གླུ་དང་། འཕགས་བོད་གཉིས་རྒྱལ་གླུ་འབུལ་གྲུབ་བསྟུན་བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་དང་། དེང་གི་ཆར་རྒྱའི་བཙོན་ཁང་ཁག་ཏུ་སྡུག་སྦྱོང་སྣ་ཚོགས་མྱངས་དང་མྱོང་བཞིན་པ་རྣམས་ཀྱི་རླབས་ཆེའི་མཛད་རྗེས་ལ་དྲན་གསོ་ཞུ་བ་དང་སྦྲགས་ངག་བཅད་མྱ་ངན་གུས་བཏུད་ཞུས།
དེ་ནས་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་། ཕྱོགས་མཚུངས་སྐུ་མགྲོན་གཙོ་བོ་ལྡི་ལི་སྐུ་ཚབ་དོན་གཅོད་སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་མང་ཚོགས་ལ་གསུང་བཤད་གནང་། དེ་བཞིན་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་སྟེ་གཞུང་འབྲེལ་མཛད་སྒོ་ལེགས་པར་གྲུབ་བསྟུན་ས་གནས་གཞོན་ནུ་ལྷན་ཚོགས་ནས་སྣེ་ཁྲིད་དེ་ཇན་ཏར་མན་ཏར་དུ་སྐད་འབོད་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་བཅས། །