༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༢༥ ཉིན་འཕགས་བོད་འབྲེལ་མཐུས་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ཡོད་པའི་ (Constitution Club of India) ཞེས་པའི་ཚོགས་ཁང་ནང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྔོན་འགྲོའི་ཚོགས་འདུ་བསྐོང་ཚོགས་གནང་ཡོད། དེ་ཡང་སྐབས་དེར་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷར་ཏུར་ཧ་རི་མཱེ་ཏཱབ་ (Bhartruhari Mahtab) ལགས་དབུ་བཞུགས་གནང་ཞིང་། རྒྱ་གར་གྲོས་ཚོགས་ནང་བོད་དོན་ཐོག་རྒྱབ་སྐྱོར་དང་། རྒྱ་གར་མི་མང་ལ་བོད་ཀྱི་གནས་སྟངས་སྐོར་གོ་རྟོགས་སྤེལ་རྒྱུ། དེ་བཞིན་རྒྱ་གར་དུ་གནས་པའི་བོད་མིའི་སྤྱི་ཚོགས་ཀྱི་དཀའ་ངལ་རྣམས་སེལ་ཐབས་བྱ་རྒྱུའི་སྐོར་བགྲོ་གླེང་གནང་ཡོད།
ཚོགས་འདུའི་སྐབས་རྒྱ་གར་གྲོས་ཚོགས་འཐུས་མི་མང་པོ་ཞིག་འཛོམས་ཡོད་པ་དང་། དེའི་ཁྲོད་དུ་རྒྱ་གར་ནཱ་གཱ་ལེནྜ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུཔོང་མེ་རེན་ཇཱམིར་ (Shri Supongmeren Jamir) ལགས་དང་། ཨ་སམ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་མར་སིང་ཏི་སོ (Shri Amarsing Tisso) ལགས། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨིན་ཀྲ་ཧང་སུབ་བ (Shri Indra Hang Subba) ལགས། ཨ་སམ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གའོ་རབ་གོ་ཡི (Shri Gaurav Gogoi) ལགས། ཨོ་ཌི་ཤཱ་མངའ་སྡེའི་གྲོས་ཚོགས་འཐུས་མི་བགྲེས་པ་སྐུ་ཞབས་བྷར་ཏུར་ཧ་རི་མཱེ་ཏཱབ་ (Shri Bhartruhari Mahtab) ལགས། ཨ་རུ་ཎ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཏ་པིར་གྷའོ་ (Shri Tapir Gao) ལགས། ཨ་སམ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀམ་ཁྱཱ་པྲ་སཱད་ཏཱ་སཱ (Shri Kamkhya Prasad Tasa) ལགས། ནུབ་བང་གྷལ་མངའ་སྡེའི་གྲོས་ཚོགས་འཐཱུས་མི་ལྕམ་ཇཱུན་མཱལི་ཡཱ (Smt. June Malia) ལགས། མ་ནི་པུར་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨཱལ་ཧྥྲེཌ་ཀན་ང་མ་ཨཱཐར་ (Shri Alfred Kan-Ngam Arthur) ལགས། ཨ་སམ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོ་ཡན་ཏ་བ་སུ་མཱཏཱ་རི་( Shri Joyanta Basumatary) ལགས་བཅས་ཡིན།
དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁཱི་རི་མེ་ལགས་དང་། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ཀྱང་ཕེབས་ཞུགས་གནང་ཡོད། བགྲོ་གླེང་ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི་རྒྱ་གར་ནང་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་སྔར་ལྷག་ཤུགས་ཆེ་རུ་གཏོང་རྒྱུ་དང་། བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་བཅས་ཡིན།
བགྲོ་གླེང་སྐབས་རྒྱ་ནག་གི་མི་རིགས་བཙན་བསྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པའི་སྐབས་རྒྱ་གར་ནང་བོད་མིའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་གལ་གནད་སྐོར་གསལ་སྟོན་དང་འབྲེལ། རྒྱ་གར་གྲོས་ཚོགས་དང་། མངའ་སྡེའི་ཚོགས་འདུ་ཁག་ཏུ་བོད་ཀྱི་གནད་དོན་གླེང་སྟེ་རྒྱབ་སྐྱོར་འཚོལ་རྒྱུ་དང་། རྒྱ་གར་མི་མང་ལ་བོད་དང་བོད་མིའི་སྐོར་གོ་རྟོགས་ལས་འགུལ་སྤེལ་རྒྱུ་བཅས་ཀྱི་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད།
གཞན་ཡང་ཚོགས་འདུའི་ཐོག་ཕྱི་མི་གནས་སྤོ་སྡེ་ཚན་གྱི་འབྲེལ་ཡོད་རྣམ་པས་བོད་མིའི་ཕྱི་བསྐྱོད་ལག་དེབ་སེར་པོའི་སྐོར་གོ་རྟོགས་མེད་པའི་རྐྱེན་གྱིས་བོད་མི་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་རྒྱུར་དཀའ་ངལ་འཕྲད་བཞིན་པའི་སྐོར་གླེང་སློང་ཡང་བྱུང་འདུག མཐར་བོད་དོན་དང་འབྲེལ་བའི་ཞུ་གཏུག་དང་གོ་རྟོགས་ལས་རིམ་བཅས་ཀྱི་མཇུག་སྐྱོང་ཚོགས་འདུ་བསྐོང་རྒྱུའི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་བཅས།།