༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༣ ཉིན་སྔ་དྲོར་ཚེས་བཟང་དགེ་བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་རིན་པོ་ཆེ་མཆོག་ལ་སྨར་ཁམས་གཞིས་བྱེས་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བཀའ་ཟུར་ཁག་ཅིག མཁན་ལས་ཟུར་རྣམ་པ། ས་སྐྱའི་བདག་མོ་སྐལ་ལྡན་སྒྲོན་སྐྱིད་ལགས། བོད་མི་མང་སྤྱི་འཐུས་ཁག་ཅིག སྤྱི་ཟུར་ཁག་ཅིག ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་དང་། བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་ལགས་སོགས་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོ་ཆེད་ཕེབས་གནང་འདུག
ཉིན་རྒྱབ་སྦེལ་ཀོབ་འབྲི་གུང་བཀའ་བརྒྱུད་དགོན་པར་བཀའ་བརྒྱུད་སྤྱི་ཟུར་ཆོས་རྗེ་ཨཿདབྱངས་སྤྲུལ་སྐུ་རིན་པོ་ཆེའི་གདུང་མཆོད་དང་འདུས་པར་ཐུགས་གསོའི་ཆེད་ཕེབས་གནང་ཡོད་པ་བཅས། །