༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༢༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གསུམ་གྱིས་བོད་པའི་ཁོར་ཡུག་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་ལགས་བཀག་ཉར་བྱས་པའི་སྐོར་རྒྱ་ནག་གཞུང་ལ་གཞུང་འབྲེལ་ཐོག་ནས་སྙན་སེང་བརྡ་ཡིག་བཏང་ཡོད། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་གནས་སྟངས་ཐོག་གི་དམིགས་བསལ་སྙན་སྒྲོན་པ་མེ་རི་ལོ་ལོར་ ( Mary Lawlor) ལགས་དང༌། གཙང་མ་དང་བདེ་ཐང༌། རྒྱུན་གནས་ཅན་གྱི་ཁོར་ཡུག་ལ་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་དམིགས་བསལ་སྙན་སྒྲོན་པ་ཨེས་ཊི་རིཌ་པུ་ཨེན་ཊེས་རི་ཨ་ནོ་ (Astrid Puentes Riañ) ལགས། དེ་བཞིན་བསམ་ཚུལ་དང་སྨྲ་བརྗོད་རང་དབང་གོང་མཐོར་གཏོང་བ་དང་སྲུང་སྐྱོབ་ཐད་ཀྱི་དམིགས་བསལ་སྙན་སྒྲོན་པ་ཨི་རེན་ཁན་ (Irene Khan) ལགས་བཅས་ཀྱིས་མཚན་རྟགས་བཀོད་པའི་ཡི་གེའི་ནང་ཁོང་འཛིན་བཟུང་བྱས་པ་དང་། བཙོན་འཇུག་བྱས་པའི་གནས་སྟངས་ཐད་ཛ་དྲག་གི་སེམས་འཚབ་ཡོད་པ་གསལ་སྟོན་བྱས་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཁས་དབང་ཚོའི་བརྗོད་པ་ལྟར་ན། མཚོ་སྔོན་ཚེ་རིང་ལགས་ནི་ལོ་ ༢༩ ཡིན་པ་དང་མདོ་སྨད་རྔ་པ་ཁྱུང་མཆུ་རྫོང་ཚ་རུ་མ་སྡེ་པ་ནས་ཡིན་ཞིང༌། ཨན་ཧུའེ་ཞན་ཧེ་འཛུགས་སྐྲུན་བཟོ་སྐྲུན་ཚོགས་པས་ ༼འཛུགས་སྐྲུན་ལས་གྲྭའི་ཚོང་གཉེར་ཁང་༽ (Anhui Xianhe Construction Engineering Company Ltd) བྱེ་མ་སྔོག་འདོན་བྱས་པར་མང་ཚོགས་ངོ་རྒོལ་བྱས་རྗེས་འཛིན་བཟུང་བྱས་ཡོད། འཛུགས་སྐྲུན་ཚོགས་པའི་བྱ་སྤྱོད་དེ་དག་ནི་ལམ་བཟོ་དང་ཐད་ཀར་འབྲེལ་བ་ཡོད་ཅིང་། དེས་ས་གནས་ཀྱི་ཆུ་བོར་གནོད་སྐྱོན་དང་སྡོད་གནས་ཁག་ལ་ཉེན་ཁ་བཟོས་ཏེ་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པའི་སྐོར་བརྗོད་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྡ་ཁྱབ་ནང་གསལ་བ་ལྟར་ན། མཚོ་སྔོན་ཚེ་རིང་ལགས་ཀྱིས་འཛུགས་སྐྲུན་ཚོགས་པ་དེས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་སྐོར་བརྙན་ཐུང་ཞིག་དྲ་ལམ་ཐོག་ཁྱབ་སྤེལ་བྱས་རྗེས། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༥ ནས་ ༡༧ བར་ཐོག་མར་འདྲི་གཅོད་བྱས་ཡོད། དེ་ནས་ཕྱི་ཚེས་ ༡༨ ནས་ ༢༧ བར་འབྲེལ་ལམ་མེད་པར་བཀག་ཉར་བྱས་ཤིང༌། དེ་རྗེས་ཁོང་གི་ནང་མིར་ཁོང་ཁྲིམས་གཅོད་བྱ་རྒྱུ་ཡིན་པའི་གནས་ཚུལ་བཏང་ཡོད། དམིགས་བསལ་སྙན་སྒྲོན་པ་ཚོས་ཁྲིམས་ཁང་ལ་བཅར་མཁན་ཚང་མས་སྔོན་ཚུད་ནས་ངོ་སྤྲོད་ལག་ཁྱེར་གྱི་གནས་ཚུལ་འབུལ་དགོས་པ་དེས་ཁྲིམས་ཐག་གཅོད་རྒྱུའི་བརྒྱུད་རིམ་མང་ཚོགས་ཀྱིས་རྟོག་ཞིབ་བྱེད་པར་བཀག་འགོག་བྱེད་སྲིད་པའི་ཐད་སེམས་འཚབ་ཀྱང་བཏོན་ཡོད།
སྔ་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན། ཁྱུང་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་མཚོ་སྔོན་ཚེ་རིང་ལགས་ལ་ “སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པའི་” ཉེས་མིང་འོག་ཉེས་ཆད་བཏང་སྟེ་ཟླ་བ་བརྒྱད་བཙོན་འཇུག་བྱས་ཡོད། ད་ལྟའི་ཆར་ཁོང་གང་དུ་ཡོད་མེད་གསལ་པོ་མེད་ལ། ཁོང་གི་སྤྱི་ཚོགས་བརྒྱུད་ལམ་གྱི་ཁ་བྱང་ཡང་མེད་པར་བཟོས་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཁས་དབང་ཚོས་རྒྱ་ནག་ལ་ཚེ་རིང་ལགས་ཀྱི་བཀག་ཉར་གནས་སྟངས་གསལ་བཤད་དང༌། ཉེས་འཛུགས་དང་ཁྲིམས་ཀྱི་བརྒྱུད་རིམ་གྱི་གནས་ཚུལ་རྒྱས་པ། ཁོང་ལ་ཁྲིམས་རྩོད་སྐུ་ཚབ་དང་ནང་མི་དང་འབྲེལ་ལམ་བྱེད་རྒྱུའི་ངེས་བརྟན་བཟོ་དགོས་པ་བཅས་རེ་སྐུལ་ཞུས་ཡོད། དེ་བཞིན་བྱེ་མ་སྔོག་འདོན་གྱི་ལས་གཞིས་ཁོར་ཡུག་ལ་ཤུགས་རྐྱེན་ཇི་ཡོད་དང༌། ས་གནས་སྡོད་མི་ཚོས་བཏོན་པའི་སེམས་འཚབ་ཀྱི་གནད་དོན་ཐད་གཞུང་གི་ལན་འདེབས་ཀྱི་གནས་ཚུལ་ཡང་བསྐྱར་ཞུས་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྡ་ཁྱབ་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱིས་དེ་སྔོན་བོད་ཀྱི་འཐབ་རྩོད་པ་ཚོར་མནར་གཅོད་བཏང་བའི་ཐད་སེམས་འཚབ་བཏོན་པའི་མཇུག་སྐྱོང་ཡིན། དམིགས་བསལ་སྙན་སྒྲོན་པ་ཚོས་མཚོ་སྔོན་ཚེ་རིང་ལགས་བཀག་ཉར་བྱས་པ་ནི་ཁོང་གིས་ཁོར་ཡུག་ཐད་སྐུལ་མ་དང་སྨྲ་བརྗོད་རང་དབང་སྤྱད་པར་ཐད་ཀར་དགག་ལན་ཡིན་པ་གསལ་སྟོན་བྱས་ཡོད། ཁོ་ཚོས་རྒྱ་ནག་གི་དབང་འཛིན་པ་ཚོར་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་མུ་མཐུད་མི་ཡོང་བའི་གནས་སྐབས་ཀྱི་ཐབས་ལམ་ལག་བསྟར་དང༌། དེ་དག་ལ་འགན་ཡོད་མཁན་ཚོར་འགན་འཁྲི་བྱེད་དགོས་པའི་རེ་སྐུལ་ནན་པོ་བྱས་ཡོད། རྒྱ་ནག་གཞུང་ལ་བརྡ་ཁྱབ་འདི་མང་ཚོགས་ལ་གསལ་བསྒྲགས་མ་བྱས་སྔོན་ལན་འདེབས་བྱེད་པར་ཉིན་ ༦༠ ཡི་དུས་ཚོད་ཡོད།
སུད་སི་དོན་ཁང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་ཚོའི་ཐེ་བྱུས་ལ་དགའ་བསུ་ཞུ་བ་དང༌། མཚོ་སྔོན་ཚེ་རིང་ལགས་དྲང་བདེན་མེད་པའི་ཐོག་ནས་བཀག་ཉར་བྱས་པར་ནན་པོས་གཞི་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད། དོན་རྐྱེན་འདི་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་དང་། ལྷག་པར་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཚོར་སྲིད་གཞུང་གིས་ཀླན་ཀ་མུ་མཐུད་བཙུགས་པའི་དཔེ་མཚོན་རེད། རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་འགན་ཁུར་བསྒྲུབ་དགོས་པ་དང༌། མཚོ་སྔོན་ཚེ་རིང་ལགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ། དེ་བཞིན་བོད་པའི་འཐབ་རྩོད་པས་རང་གི་མི་མང་དང་ཁོར་ཡུག་གི་ཆེད་ཞི་བའི་སྒོ་ནས་བསམ་ཚུལ་བཏོན་མཁན་ཚོར་མནར་གཅོད་གཏོང་བ་མཚམས་འཇོག་བྱེད་དགོས། །