
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༢༠ ཉིན་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༥༨ པའི་སྐབས་སུ་བོད་ཀྱི་ཡར་ཀླུང་གཙང་པོའི་སྟེང་འཛུགས་སྐྲུན་བྱེད་རྩིས་ཡོད་པའི་མེ་ཏོག་ཆུ་མཛོད་ལས་གཞིའི་ཉེན་ཁ་ཆེ་བའི་གནས་སྟངས་སྐོར་གཏམ་བཤད་གནང་ཡོད།
མེ་ཏོག་ཆུ་མཛོད་ལས་གཞི་འདིས་ཁོར་ཡུག་དང་། འགྲོ་བ་མི། ས་ཁུལ་གྱི་ཆབ་སྲིད་བཅས་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད། ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་འཛུགས་སྐྲུན་ཆེན་པོ་འདི་རིགས་ཀྱིས་བོད་ཀྱི་ཁོར་ཡུག་ཉམས་ཆག་གཏོང་བ་མ་ཟད། ལྷོ་ཨེ་ཤི་ཡའི་མི་འབོར་ས་ཡ་མང་པོའི་ཆུའི་བདེ་འཇགས་ལའང་ཉེན་ཁ་བཟོ་བཞིན་ཡོད་པ་ནན་བཤད་གནང་ཡོད།
བོད་ནི་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་སྲོལ་ཡོད་པ་དེ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་ནས་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། མེ་ཏོག་ཆུ་མཛོད་ཀྱིས་རྒྱུན་ལྡན་གྱི་ཆ་སྙོམས་ལ་ཉེན་ཁ་བཟོ་བཞིན་ཡོད། ནགས་ཚལ་གཅོད་འབྲེག་རྒྱ་ཆེན་པོ། ས་ཡོམ་གྱི་མི་བརྟན་པ། འཁྱགས་རོམ་བཞུར་སྟངས་ལ་འགྱུར་བ་བཏང་བ་བཅས་ཀྱིས་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་མགྱོགས་སུ་གཏོང་སྲིད། ཆུ་མཛོད་འཛུགས་སྐྲུན་གྱིས་གནམ་གཤིས་ཚབས་ཆེན་ཡོང་བ། ཆར་དུས་ཀྱི་འཁོར་རྒྱུན་ལ་འགྱུར་བ་གཏོང་བ་དང་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་དཀའ་ངལ་ཆེ་རུ་གཏོང་སྲིད།
ས་གནས་བོད་མི་ཚོས་ལས་གཞི་འདིའི་ཤུགས་རྐྱེན་ཚབས་ཆེ་ཤོས་མྱོང་ངེས་ཡིན་པ། གནས་ཡུལ་གཏོར་བཤིག། བྱེ་ཐང་དུ་གྱུར་བ་དང་སོ་ནམ་ཞིང་ལས་ཉམས་ཆག་བཅས་ཀྱིས་བོད་མིའི་སྔར་སྲོལ་འཚོ་བར་ཉེན་ཁ་བཟོ་བཞིན་ཡོད། གལ་ཆེའི་ས་ཞིང་བརླག་པར་བརྟེན་ནས་ཟས་བཅུད་ཉེན་ཁ་ཆེ་རུ་འགྲོ་བ་དང་། མི་མང་པོ་གནས་སྤོ་བྱེད་དགོས་པ། དེ་བཞིན་བོད་མི་ཚོ་རང་ཡུལ་ནང་དུ་ཟུར་ཕུད་བྱས་པ་སོགས་ཀྱི་དཀའ་ངལ་ཡོང་སྲིད།
ཡར་ཀླུང་གཙང་པོ་ནི་རྒྱ་གར་དང་བཱངྒ་ལ་དེཤ་ནང་དུ་བྷ་ར་མ་པུ་ཏྲ་ཆུ་བོ་ཞེས་གྲགས་ཤིང་། མི་འབོར་ས་ཡ་མང་པོའི་འཚོ་རྟེན་གྱི་ཆུ་ཁུངས་གལ་ཆེན་ཞིག་ཡིན། ཆུ་མཛོད་འཛུགས་སྐྲུན་གྱིས་ཆུ་བོའི་རང་བྱུང་རྒྱུན་ལམ་ལ་འགྱུར་བ་བཏང་སྟེ་ཆུ་དཀོན་པོའི་དཀའ་ངལ་དང་ཆུ་ལོག་ཚབས་ཆེན་ཡོང་ཉེན་ཡོད་པ་མ་ཟད། ས་ཁུལ་གྱི་རྒྱལ་ཁབ་ཕན་ཚུན་དབར་འགལ་ཟླ་ཆེ་རུ་བཏང་ནས་ལྷོ་ཨེ་ཤི་ཡའི་ཞི་བདེ་དང་བརྟན་ལྷིང་ལ་ཉེན་ཁ་བཟོ་སྲིད།
ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མིག་མདུན་གྱི་ཁེ་ཕན་ལས་ཁོར་ཡུག་རྒྱུན་གནས་ལ་སྔོན་འགྲོའི་མཐུན་རྐྱེན་གལ་ཆེན་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད། ཁོང་གིས་བསྐྱར་གསོ་མི་ཐུབ་པའི་གནོད་སྐྱོན་སྔོན་འགོག་བྱེད་ཆེད་རྒྱལ་ཁབ་ཁག་ལ་ཁ་གསལ་དང་མཉམ་འབྲེལ་གྱི་ཐབས་ལམ་འཛིན་དགོས་པའི་རེ་སྐུལ་གནང་ཡོད། གནམ་གཤིས་འགྱུར་ལྡོག་དང་ཉེན་ཁ་ཆེ་བའི་ཁོར་ཡུག་སྲུང་སྐྱོབ་ནི་འཛམ་གླིང་ཡོངས་ཀྱིས་འབད་བརྩོན་བྱེད་པ་ནི། མི་དང་ཁོར་ཡུག་གཉིས་ཀའི་བདེ་ཐང་ལ་ཉེན་ཁ་བཟོ་བའི་ལས་གཞི་ཁག་ཕྱིར་འཐེན་བྱ་མི་རུང་ཡིན།
ཇི་ནི་ཝར་ཡོད་པའི་བོད་ཀྱི་སྐུ་ཚབ་ལས་ཁུངས་ཀྱིས་བོད་ཀྱི་ཁོར་ཡུག་དང་མི་མང་གི་ཐོབ་ཐང་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་མུ་མཐུད་ནས་གནང་བཞིན་ཡོད། ང་ཚོས་སྲིད་གཞུང་ཁག་དང་། ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག དེ་བཞིན་རྒྱལ་སྤྱིའི་འབྲེལ་ཡོད་ཚོགས་སྡེ་ཁག་ལ་བསྐྱར་གསོ་མི་ཐུབ་པའི་གནོད་སྐྱོན་མ་ཕོག་སྔོན་ལ་མེ་ཏོག་ཆུ་མཛོད་ལས་གཞི་མཚམས་འཇོག་བྱ་ཐབས་ཀྱི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ཞུས། །