༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༠ ནི་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་རྒྱ་ནག་གུང་ཁྲན་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་ཏེ་མི་ལོ་ཧྲིལ་པོ་ ༦༦ འཁོར་བའི་ཉིན་མོ་ཡིན་ལ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལེགས་སྐྱེས་ཕུལ་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ཞུ་བའི་དུས་ཚིགས་ཤིག་ཀྱང་ཡིན། ལོ་ལྟར་ཉིན་མོ་འདིར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་བཙན་བྱོལ་བ་ཚོས་གཞི་རྒྱ་ཆེ་ཆུང་འདྲ་མིན་གྱི་ལས་འགུལ་སྤེལ་སྟེ་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་གི་ཡོད་པ་ལྟར། བྱང་ཨ་རིའི་ནང་དུའང་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་སྲུང་བརྩི་ཞུས་ཡོད།
རྣམ་ཀུན་བྱང་ཨ་རིའི་ནང་དུས་དྲན་སྲུང་བརྩི་དང་། མཛད་སྒོ་ཚོགས་སྐབས་རེས་གཟའ་སྤེན་ཉིའི་གུང་གསེང་དང་བསྟུན་དགོས་ཀྱི་ཡོད་ཀྱང་། གསུམ་བཅུའི་དུས་དྲན་ནི་ཆབ་སྲིད་ཀྱི་ཐོག་ཧ་ཅང་གནད་འགག་ཆེ་བའི་དུས་ཚིགས་ཤིག་ཡིན་སྟབས། གསུམ་པའི་ཚེས་བཅུ་ཉིན་མོ་དེ་རང་ལ་སྲུང་བརྩི་ཞུ་གི་ཡོད་ལ། དེ་ཉིན་བོད་མི་མང་པོས་ལས་ཀའི་དུས་ཚོད་འཁེལ་ཡོད་ན་ཡང་དགོངས་པ་ཞུས་ཏེ་མཉམ་ཞུགས་བྱེད་ཀྱི་ཡོད།
བྱང་ཨ་རིར་མཚོན་ན། བོད་རིགས་སྤྱི་མཐུན་ཚོགས་པ་ཆེ་འབྲིང་ཆུང་གསུམ་བསྡོམས་ ༣༠ ལྷག་ཙམ་ཡོད་ཅིང་། ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ས་གནས་མང་ཆེ་བའི་ནང་བོད་རིགས་སྤྱི་མཐུན་ཚོགས་པས་འགན་ཁུར་དང་། ས་གནས་ཁག་ཅིག་ནང་བོད་རིགས་སྤྱི་མཐུན་ཚོགས་པ་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་མཉམ་རུབ་ཐོག་ནས་གསུམ་བཅུའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཚོགས་ཏེ། མི་ལོ་ ༦༦ སྔོན་གྱི་ཟླ་བ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བྱུང་བའི་སྒེར་ལངས་ལོ་རྒྱུས་ལ་དྲན་གསོ་དང་། རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་ལག་བསྟར་བྱས་དང་བྱེད་བཞིན་པའི་གདུག་རྩུབ་བཙན་གནོན་གྱི་སྲིད་བྱུས་ལ་བོད་མི་ཚོས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད།
དེ་དག་སྙིང་པོར་བསྡུས་ན། བོད་མི་ཚོས་ངོ་རྒོལ་སྐད་འབོད་དང་། ས་གནས་དཔོན་རིགས་དང་བོད་དོན་རྒྱབ་སྐྱོར་བས་བོད་དོན་གསུང་བཤད། མངའ་སྡེ་དང་། གྲོང་ཁྱེར། གྲོང་སྡེ་ལས་ཁུངས་བཅས་ཀྱི་མདུན་ཐང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས། གསུམ་བཅུའི་སྒེར་ལངས་གང་འདྲ་བྱས་ནས་བྱུང་བ་དང་། ལོ་རྒྱུས་ཐོག་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་སྐོར་གཏམ་བཤད། བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་གསུང་བཤད་སྒྲོག་སྦྱང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དཀྲོལ་ཏོང་། བདེན་ཚིག་སྨོན་ལམ་གསུང་འདོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་པའི་སྨོན་ཚིག་སྒྲོག་སྦྱང་། ལག་ཏུ་བོད་ཀྱི་རྒྱལ་དར་དང་། འབོད་ཚིག་སྣ་ཚོགས་འཁོད་པའི་འཕྲེད་དར་དང་སྦྱར་ཡིག་འཁྱེར་ནས་རྔམ་སྟོན་ཁྲོམ་སྐོར། ས་གནས་གཞུང་གིས་དེ་ཉིན་བོད་ཀྱི་ཉི་མོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྤེལ་བ་བཅས་ཀྱི་ཐོག་ནས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་སྲུང་བརྩི་ཞུས་ཡོད།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་གདན་ཞུས་ལྟར་ཆེད་དུ་ནིའུ་ཡོག་ཏུ་ཕེབས་ནས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་དང་། ཁོང་གིས་མཛད་སྒོའི་ཐོག་བོད་དབྱིན་སྐད་གཉིས་ཀྱི་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གསུང་བཤད་དང་། བཀའ་ཤག་གི་གསུམ་བཅུའི་དུས་དྲན་ཐེངས་ ༦༦ ཐོག་གནང་བའི་གསུང་བཤད་སྙིང་བསྡུས་སྒྲོག་སྦྱང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱང་། དེ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཆབ་སྲིད་བཙོན་ཟུར་རྟའུ་བློ་བཟང་སྦྱིན་པ་ལགས། ནིའུ་ཡོག་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་འཇི་ལི་ཝོན། བོད་དོན་རྒྱབ་སྐྱོར་བ་དགའ་ལྡན་ཐུར་མན་བཅས་ནས་བོད་དང་བོད་མིར་རྒྱབ་སྐྱོར་གྱི་གསུང་བཤད་གནང་།
གསུམ་བཅུའི་དུས་དྲན་སྲུང་བརྩིའི་བྱེད་སྒོ་དེ་དག་སྐོར་ས་གནས་ཀྱི་གསར་འགྱུར་དང་། བརྙན་འཕྲིན། དྲྭ་རྒྱ། ཚགས་ཤོག་བཅས་ཀྱི་ནང་གནས་ཚུལ་བཀོད་ཐོན་བྱུང་ཡོད་པ་བཅས།། །།