༄༅། །དེ་རིང་གི་ཉིན་མོ་ནི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ཐོག་རྒྱ་ནག་གཞུང་གིས་བསམ་སྤྱོད་དྲག་པོར་ཞི་བའི་སྒེར་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༦༦ འཁོར་བའི་ཤིན་ཏུ་བརྗེད་པར་དཀའ་བའི་དུས་ཚིགས་གཅིག་དང་། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་ཉིན་མོ་ཞིག་ཀྱང་ཆགས་ཡོད། དེ་ཡང་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། རིམ་པས་བོད་ནང་བཙན་འཛུལ་གྱིས་བོད་ཐོག་ཞི་དྲག་གི་ལས་གཞི་སྣ་ཚོགས་བརྩམས་ཤིང་། མཐར་ཕྱི་ལོ་ ༡༩༥༡ ལོར་བཙན་དབང་འོག་གྲོས་མཐུན་དོན་ཚན་ ༡༧ ཟེར་བར་མིང་རྟགས་བཀོད་དགོས་བྱུང་ཞིང་། དེ་ནས་རྒྱ་དམར་གཞུང་མཉམ་མེས་འཚིག་མེར་གཏུགས་ངང་མཉམ་གནས་བྱ་རྒྱུར་འབད་བརྩོན་བྱས་ཀྱང་། རྒྱ་གཞུང་ཕྱོགས་ནས་གྲོས་མཐུན་ནང་གསལ་གྱི་དོན་ཚན་ཁག་རྩིས་མེད་རྡོག་རོལ་བཏང་བ་དང་། བོད་མིའི་ཕྱོགས་ནས་ངོ་རྒོལ་གྱི་རྣམ་པ་ཉིན་རེ་བཞིན་མངོན་གསལ་ཇེ་ཆེར་ཕྱིན་ཅིང་། མཐར་༸གོང་ས་མཆོག་གི་སྐུ་ཕྱྭར་བར་ཆད་བཟོ་རྒྱུའི་ཛ་དྲག་གནས་སྟངས་བྱུང་བ་སོགས་ཀྱིས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་འདི་བྱུང་བ་དང་། དེ་ནས་ཉིན་བདུན་རྗེས་༸གོང་ས་མཆོག་གིས་དབུས་བོད་གཞུང་མང་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་། རྒྱ་གཞུང་གིས་མུ་མཐུད་བོད་ནང་དམངས་གཙོ་བཅོས་བསྒྱུར་ཟེར་བ་དང་། རིག་གནས་གསར་བརྗེ་ཟེར་བ་སོགས་ཀྱི་ལས་འགུལ་རིམ་པ་སྤེལ་བའི་ནང་བོད་ཀྱི་ཆོས་དང་། རིག་གཞུང་། མི་རིགས་བཅས་རྩ་མེད་བཟོ་རྒྱུའི་ལས་གཞི་རྒྱ་ཆེ་སྤེལ་ཡོད།
ད་བར་རྒྱ་གཞུང་གིས་བོད་ཐོག་མཁྲེགས་འཛིན་གྱིས་ལངས་ཕྱོགས་དང་སྲིད་བྱུས་ལག་བསྟར་བྱས་པ་དེ་དག་ལ་ཕྱི་ལོ་ ༡༩༨༧ དང་། ༡༩༨༨།༡༩༨༩ ལོ་སོ་སོའི་ནང་གདན་ས་གསུམ་གྱིས་གཙོས་དགེ་འདུན་པ་དང་བཙུན་མ་མི་མང་བཅས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་རིམ་པ་སྤེལ་ཅིང་། ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ནས་ས་བྱི་ཞི་རྒོལ་ཆེན་མོ། དེ་བཞིན་ཕྱི་ལོ་ ༢༠༠༩ ནས་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་བོད་ནང་བོད་མི་གྲངས་ ༡༥༧ ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་དགོས་བྱུང་ཡོད་ཀྱང་རྒྱ་གཞུང་གིས་བོད་ནང་རང་དབང་དང་བདེ་སྐྱིད་ཡོད་ལུགས་རྫུན་བཤད་ཁོ་ནས་རྒྱ་ནག་ནང་དང་རྒྱལ་སྤྱིའི་གཞུང་དང་མི་མང་རྣམས་ལ་བསླུ་བྲིད་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་དྲིལ་བསྒྲགས་ལོག་པ་སྤེལ་བཞིན་ཡོད།
ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཡུ་རོབ་མཐུན་ཚོགས་ཀྱི་གཞུང་ཚབ་ལས་ཁང་ Delegation of the European Union to the People’s Republic of China ངོས་ནས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་བསྒྲགས་གཏམ་ཞིག་སྤེལ་ཡོད། བསྒྲགས་གཏམ་དེའི་ནང་བོད་ནང་དུ་སྨྲ་བརྗོད་དང་། འདུ་འཛོམས། འགྲོ་འོང་གི་རང་དབང་བཅས་ཀྱི་ཐད་དམ་བསྒྲགས་ཆེན་པོ་བྱེད་བཞིན་པ་ནན་བརྗོད་གནང་བ་མ་ཟད། བོད་མི་ཚོར་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུ་དམ་བསྒྲགས་དང་། དེ་བཞིན་རྒྱ་གཞུང་གིས་བོད་ནང་ཆོས་ཕྱོགས་ཀྱི་རང་དབང་ཐོག་དྲག་གནོན་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཁག་རྒྱ་ནག་གཞུང་གི་ལྟ་གྲུབ་དང་མཐུན་པའི་བྱེད་སྒོ་སྤེལ་དགོས་པའི་ཚོད་འཛིན་བྱེད་བཞིན་པ། བོད་ནང་གི་བོད་ཕྲུག་ཚོར་ཕ་མ་དང་ཁ་བྲལ་བཏང་བ་དང་། མི་རིགས་བཙན་བསྒྱུར་གྱི་གཏན་འཇགས་སློབ་གྲྭ་ཁག་བཙུགས་པ་དེས་བོད་ཀྱི་ངོ་བོ་དང་། སྐད་ཡིག་སྲུང་སྐྱོབ་ལ་ཉེན་ཁ་ཆེན་པོ་ཞིག་ལ་ངོས་འཛིན་གནང་བ་དང་སྦྲགས། རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་དབང་གིས་སྒོ་བརྒྱབ་པ་དང་། སློབ་གྲྭ་ཁག་ཏུ་རྒྱ་ཡིག་སློབ་གསོ་གཏོང་བཞིན་པ་དེས་བོད་ཀྱི་རིག་གཞུང་རྩ་མེད་བཟོ་བཞིན་པ་གསལ་སྟོན་གནང་ཡོད། དེ་ལྟར་རྒྱ་ནག་གཞུང་གི་འཆར་གཞི་ལྡན་པའི་སྒོ་ནས་ཉེ་བའི་ཟླ་ཤས་ནང་མཐོ་སློབ་ཁག་གི་སློབ་འཇུག་ཡིག་རྒྱུགས་ནང་བོད་ཡིག་མེད་པ་བཟོ་རྒྱུ་སོགས་བོད་ནང་རིག་གནས་གསར་བརྗེ་གཉིས་པ་ལྟ་བུ་འགོ་འཛུགས་བྱས་ཡོད། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་དགུས་སྙན་ཐོ་བཏོན་པའི་ནང་བོད་མི་དགུ་གར་སོང་ཆ་མེད་ཀྱི་གནས་སྟངས་སྐོར་གླེང་ཡོད་པ་སོགས་རྒྱ་གཞུང་གིས་བོད་མིར་མ་ཉེས་ཁ་གཡོག་གིས་འཛིན་བཟུང་བཙོན་འཇུག་དང་ཁག་ཅིག་དུས་བཀག་བཙོན་གྲོལ་ཐོབ་མཚམས་བཙོན་ཁང་དུ་ཉེས་བརྡུང་མནར་གཅོད་ཚད་ལས་བརྒལ་བ་བཏང་རྐྱེན་གྱིས་གཟུགས་གཞིའི་གནས་བབ་ཧ་ཅང་ཉམ་ཐག་གིས་འདས་གྲོངས་སུ་ཕྱིན་པ་ཡང་བྱུང་ཡོད།
རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་རྒྱལ་མཚམས་བརྒལ་བའི་དྲག་གནོན་ Transnational Repression གཏོང་བཞིན་པ་མངོན་གསལ་ཆགས་ཡོད། དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༡༢ པའི་ནང་ཁེ་ན་ཌ་བོད་དོན་ལྷན་ཚོགས་ Canada Tibet committee དང་། ཁེ་ན་ཌ་ཡུ་གུར་ཐོབ་ཐང་རྩོད་ལེན་ Uyghur Rights Advocacy Project ཚོགས་པ་གཉིས་ཀྱི་འགན་འཛིན་གཙོས་པའི་འབྲེལ་ཡོད་མི་སྣ་ཉི་ཤུ་ལ་སྲིད་དོན་ཉེས་ཆད་བཀལ་ཡོད། སྐབས་དེར་ཁེ་ན་ཌའི་གཞུང་དང་རྒྱལ་སྤྱིའི་ཁྱོན་ནས་རྒྱ་གཞུང་གི་བྱ་སྤྱོད་ལ་ཐེར་འདོན་གནང་ཡོད། དེ་བཞིན་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༢ ཉིན་སུད་སི་གཞུང་གིས་སྙན་ཐོ་ལེའུ་བཅུ་ཡོད་པ་ཞིག་བཏོན་ནས་སུད་སི་གནས་སྡོད་བོད་མི་དང་ཡུ་གུར་བ་གཉིས་ལ་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱེད་ཀྱི་ཡོད་པ་ངོས་འཛིན་གསལ་པོར་གནང་ཡོད།
རྒྱ་ནག་དམར་གཞུང་གིས་འདས་མ་ཐག་པའི་ལོའི་རྒྱབ་ཤ་དཀར་པོ་ཟེར་བའི་དེབ་ནང་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཐོག་ཐེ་བྱུས་ཀྱི་ལས་འཆར་རྩོམ་བཞིན་ཡོད་ནའང་། བོད་བརྒྱུད་ནང་བསྟན་གྱི་བླ་མའི་ཡང་སྲིད་ཕེབས་ཕྱོགས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁོ་ན་ཡིན་པས། དེའི་ཐོག་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱ་ནག་ལ་ཐེ་བྱུས་བྱེད་མི་ཆོག་པའི་གྲོས་ཆོད་དང་བསྒྲགས་གཏམ་སོགས་སྤེལ་ཡོད། གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཞལ་དྲོན་མོ་ནས་ལོ་བརྒྱ་དང་བཅུ་ཕྲག་ལྷག་བཞུགས་རྒྱུའི་རྟགས་དང་མཚན་མ་ཡོད་པའི་བཀའ་བཟང་ལན་མང་ཕེབས་ཡོད་པ་བཞིན་དེ་ལྟར་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་། མ་འོངས་༸སྐུའི་ཡང་སྲིད་ཀྱང་ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་གིས་ཡོངས་བསྒྲགས་མཛད་པའི་ཡིག་ཆ་བཞིན་གནང་དགོས་པ་ལས་དེ་ལས་གཞན་པར་བོད་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡིད་ཆེས་བྱ་མི་སྲིད།
བོད་བཙན་པོའི་རྒྱལ་བརྒྱུད་རིམ་པ་དང་། དེ་རྗེས་ས་སྐྱ་དང་། ཕག་གྲུ། རིན་སྤུངས། དགའ་ལྡན་ཕོ་བྲང་བཅས་ཀྱིས་བོད་ཀྱི་གཞུང་བསྐྱངས་ཤིང་། ད་ཆ་བོད་ཆོལ་གསུམ་གྱི་ཚབ་མཚོན་ཐུབ་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་མུ་མཐུད་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་དབང་ལྡན་འཛིན་སྐྱོང་གནང་བཞིན་ཡོད་པ་དང་། ལོ་རྒྱུས་ཐོག་ནས་བོད་རང་བཙན་གྱི་རྒྱལ་ཁབ་གཅིག་ཡིན་ཞིང་། ཕྱི་ལོའི་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་ནས་རྒྱ་གཞུང་གིས་བོད་དེ་བཙན་བཟུང་བྱས་ཤིང་། ད་ཆ་རྒྱ་ནག་དམར་གཞུང་གིས་བོད་ས་ཁྱོན་ཡོངས་སུ་སྲིད་བྱུས་འཇམ་རྩུབ་སྣ་ཚོགས་ལག་བསྟར་བྱས་དང་བྱེད་བཞིན་པ་རྣམས་ཀྱིས་བོད་ཡུལ་རྒྱ་ཡུལ་ཅན་དུ་བསྒྱུར་བཞིན་པ་རྣམས་ལ་སེམས་འཚབ་ཧ་ཅང་ཆེ་ཞིང་། རྒྱ་གཞུང་ནས་གུ་ཡངས་དང་བསམ་ཤེས་ཡེ་ནས་མེད་པའི་མཁྲེགས་འཛིན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་ཚེ་བོད་རྒྱ་གཉིས་དབར་མཇུག་འབྲས་བཟང་པོ་མི་ཡོང་བར་ཚོད་དཔག་བྱེད་ཐུབ།
ཉེ་ཆར་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༠ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པ་ཞིག་གིས་ཏཱ་ལའི་བླ་མའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པས། ཁོང་གི་མཛད་རྗེས་སྐོར་ལ་བཅར་འདྲི་ཞུ་སྐབས། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བོད་རྒྱའི་འབྲེལ་ལམ་ཐོག་ལན་བཏབ་པའི་ནང་། “བོད་འདི་ཀྲུང་གོའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཐེ་ཝན་ནི་ཀྲུང་གོའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཡོངས་ཁྱབ་ཁས་ལེན་བྱ་དགོས་” ཟེར་བའི་གནད་དོན་མུ་མཐུད་གླེང་ཡོད། བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ནམ་ཡང་བྱ་ཐབས་མེད་པས་བདེན་པའི་ས་བོན་གང་ཡང་རྙེད་རྒྱུ་མེད་པ་དང་། ཐེ་ཝན་གྱི་གནད་དོན་ནི་ཐེ་ཝན་མི་མང་གིས་ཐག་གཅོད་བྱ་རྒྱུ་ལས་བོད་རྒྱའི་དཀའ་རྙོག་སེལ་བར་འབྲེལ་བ་གང་ཡང་ཆགས་ཀྱི་མེད། དོན་དམ་པའི་བོད་རྒྱའི་དཀའ་རྙོག་སེལ་ཆེད་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཟིན་པ་དང་། དོན་དངོས་དང་མི་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འདི་རིགས་ཁས་ལེན་ནམ་ཡང་བྱ་ཐབས་མེད་ལ། དེ་འདྲའི་ཆ་རྐྱེན་མུ་མཐུད་བཏོན་ནས་བོད་རྒྱ་འབྲེལ་མོལ་ཐད་བར་ཆད་ཀྱིས་གཉིས་ཕན་གྱི་སྲིད་བྱུས་ལམ་ལྷོངས་མ་བྱུང་ཚེ་དེའི་འགན་འཁྲི་ཡོངས་རྫོགས་རྒྱ་ནག་དམར་གཞུང་གིས་འཁུར་དགོས་པ་ནན་བརྗོད་བྱ་རྒྱུ་ཡིན།
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་སྟོད་དིང་རི་ས་ཁུལ་གཙོས་ས་གནས་འགའ་ཤས་ལ་ས་ཡོམ་ཤུགས་ཚད་རིམ་པ་ ༧་༡ ཅན་ཞིག་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གོད་ཆགས་ཆེན་པོ་བྱུང་ཡོད་ཅིང་། འོན་ཀྱང་ཤིན་ཏུ་ཡིད་སྐྱོའི་གནས་ཚུལ་དེ་བྱུང་རྗེས་ང་ཚོས་ཤེས་རྟོགས་དགོས་པའི་གནད་དོན་གཉིས་ཏེ། གཅིག་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ས་ཡོངས་རྫོགས་བཙན་འཛུལ་ཧམ་བཟུང་བྱས་ཏེ། “བོད་ཞི་བས་བཅིངས་འགྲོལ་བཏང་ནས་གུང་ཁྲན་ཏང་གི་ཡང་དག་པའི་སྲིད་བྱུས་འོག་བོད་མི་རྣམས་གནམ་ས་བླ་འོག་ཏུ་གྱུར་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ལ་རོལ་བཞིན་ཡོད་“ ཟེར་ནས་མི་ལོ་བདུན་ཅུ་ལྷག་འུད་སྒྲོགས་བྱས་ཀྱང་། བློ་གཟུ་བོར་གནས་ཏེ་བརྗོད་ན་ས་གནས་བོད་མི་ཚོའི་དུས་རྒྱུན་ནང་གི་འཚོ་རྟེན་ཇི་ཙམ་ཡོད་མེད་དང་། སྡོད་གནས་ཁང་པ་སོགས་ཕྱིའི་འཛུགས་བསྐྲུན་སྲ་བརྟན་ཇི་ཙམ་བྱས་ཡོད་མེད་དང་། ཉེ་འཁོར་དགོས་ངེས་ཀྱི་སྨན་ཁང་དང་སྨན་པའི་མཐུན་རྐྱེན་ཇི་ཙམ་ཡོད་མེད་ད་ལམ་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དངོས་ཀྱི་གནས་ཚུལ་ལ་བལྟ་ཞིབ་བྱེད་སྐབས་ས་རིས་ཐང་གསལ་ཆགས་ཡོད།
བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་རྣམས་རྒྱ་ནག་གཞུང་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། རང་སྐྱོང་ཁུལ་ཟེར་བ་སོགས་དུམ་བུ་ཇི་ལྟར་ཁག་བགོས་བྱས་ཀྱང་། བོད་མཐོ་སྒང་དུ་སྔར་ནས་ད་བར་འཚོ་བའི་རྩམ་ཟན་གངས་ཅན་པ་རྣམས་གཞིས་བྱེས་གང་དུ་གནས་ཀྱང་། ཤ་རུས་གཅིག་གི་སྤུན་ཟླ་ཡིན་པ་བརྗེད་མེད་ལ། ལ་རྒྱ་དེ་བས་བོར་མེད་པ་ནི་ཐེངས་འདིའི་གོད་ཆགས་ཁྲོད་ནས་སླར་ཡང་ར་སྤྲོད་གསལ་པོ་བྱེད་ཐུབ་ཅིང་། དེ་ཡང་གཞིས་སུ་གནས་པའི་མདོ་དབུས་ཁམས་གསུམ་གྱི་བོད་མི་ཚོས་རང་རང་གི་འཁོས་བབ་ལ་གཞིགས་པའི་བློས་གཏོང་ཆེན་པོས་རྒྱུ་དངོས་པོའི་རོགས་རམ་དང་། བྱེས་སུ་བཞུགས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་དབུ་འཁྲིད་དེ་དགེ་འདུན་གྱི་སྡེ་རྣམས་དང་། བོད་མིའི་སྒྲིག་འཛུགས་དང་། སྤྱི་སྒེར་ཚོགས་སྡེ་རྣམས་ཀྱིས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་བསྒྲུབས་པ་སོགས་མདོ་དོན་ཆོལ་གསུམ་གཞིས་བྱེས་རྡོག་རྩ་གཅིག་བསྒྲིལ་གྱིས་མིག་དཔེ་བཟང་པོ་ཞིག་བསྐྲུན་ཐུབ་ཡོད། དེ་དག་ནི་ཆབ་སྲིད་དང་ཐད་ཀར་འབྲེལ་བ་མེད་ཀྱང་བོད་མི་རྣམས་ཀྱིས་ལྷག་བསམ་དང་། སེམས་ཤུགས། བློས་གཏོང་། ཆིག་སྒྲིལ་གྱིས་ནུས་པ་དེས་གཞིས་བྱེས་བོད་མི་ཡོངས་ལ་དགའ་སྤོབས་ཆེན་པོ་བྱུང་ཡོད། སྐབས་དེར་རྒྱལ་སྤྱིའི་ནང་འགོ་ཁྲིད་དང་བོད་དོན་རྒྱབ་སྐྱོར་བ་མང་པོས་བོད་ནང་ས་ཡོམ་གྱི་གོད་ཆགས་བྱུང་བར་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོའི་འཕྲིན་ཡིག་གནང་མཁན་བྱུང་བ་སོགས་ལ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འཛམ་གླིང་ནང་རྒྱལ་ཁབ་མང་པོས་བོད་དོན་ལ་རྒྱུན་མཐུད་རྒྱབ་སྐྱོར་ཐོབ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་གཞི་དང་། མཛད་པ་འཕྲིན་ལས། ཐུགས་བསྐྱེད་དམ་བཅའ་སོགས་ལ་འཛམ་གླིང་ནང་དགའ་མོས་དང་། གདེང་འཇོག་ཐོབ་ཅིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སོགས་འབུལ་བཞེས་མཛད་པ་དེ་དག་ལ་ཕྱིར་མིག་བལྟས་ཚེ་བོད་ཀྱི་འཐབ་རྩོད་ནི་བདེན་པའི་འཐབ་རྩོད་དང་། དེ་ཡང་འཚེ་བ་མེད་པའི་འཐབ་རྩོད་ཅིག་ཡིན་པ་འཛམ་གླིང་ནང་ར་འཕྲོད་གསལ་པོ་བྱུང་ཞིང་། ད་བར་གཞིས་བཞུགས་བོད་མི་རྣམས་རང་དབང་བྲལ་བའི་གནས་སྟངས་ངོ་མ་འཛམ་གླིང་ནང་ངོ་སྤྲོད་བྱེད་བཞིན་ཡོད་པ་ལྟར། དེའི་མཇུག་སྐྱོང་མུ་མཐུད་ཡོང་ཆེད་བོད་མི་མང་སྤྱི་འཐུས་རྣམ་པས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་། དེ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཆེད་བཅར་གྱིས་བོད་དོན་ཞུ་སྐུལ་གྱི་ལས་གཞི་རྒྱ་ཆེ་ཙམ་སྤེལ་ཐུབ་པ་བྱུང་ཡོད།
འདི་ལོ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པས་གཞུང་སྒེར་ཁག་ནས་༸སྐུའི་གོ་སྟོན་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུའི་ལས་འཆར་གྲ་སྒྲིག་ཞུ་བཞིན་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་༸གོང་ས་མཆོག་གིས་བོད་མིར་མང་གཙོ་གསོལ་སྩལ་གནང་བའི་མཛད་རྗེས་དང་འབྲེལ་གོ་སྟོན་སྲུང་བརྩི་ཞུ་རྒྱུའི་ལས་འཆར་རིགས་སྟ་གོན་ཞུ་བཞིན་པ་ཡིན།
དེང་གི་འཆར་འཛམ་གླིང་ནང་ཆབ་སྲིད་ཀྱི་འགྱུར་འགྲོས་ཧ་ཅང་མྱུར་པོ་ཆགས་ཡོད་པས་རང་རེ་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་དང་བོད་མིར་ཕན་པའི་དམིགས་བསལ་གོ་སྐབས་བཟང་པོ་རྣམས་དམ་འཛིན་བྱ་ཐུབ་དགོས་པ་དང་། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་སྤྱི་པའི་ལས་དོན་ཐོག་ལྷག་བསམ་དང་ནུས་པ་ཇི་ཡོད་གནང་ཐབས་བྱ་དགོས་པ་གལ་ཆེ་ཆགས་ཡོད། ལོ་ངོ་བཅུ་ཕྲག་དྲུག་ལྷག་རིང་བོད་དོན་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་མཁན་རྒྱ་གར་གཞུང་མང་གཉིས་དང་། ཨ་རི། ཡུ་རོབ་གཙོས་གཞན་གཞུང་སྒེར་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་རྣམས་ལྷུན་གྱིས་འགྲུབ་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་གང་མགྱོགས་ཤར་བའི་སྨོན་འདུན་ཞུ་རྒྱུ་དང་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རབ་གནས་ཤིང་སྦྲུལ་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༠ ལ།།