༄༅། །མི་ལོ་ ༦༦ གོང་གི་དེ་རིང་། བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་ཚོས། བོད་འབྱོར་རྒྱ་དམག་གི་རྩུབ་སྤྱོད་ལ་བཟོད་པའི་མཐའ་ཟད་དེ། ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་དགོས་བྱུང་བར་བརྟེན། རྒྱ་དམག་གི་དྲག་གནོན་འོག་བོད་མི་ཁྲི་ཕྲག་དུ་མའི་གཅེས་སྲོག་ཤོར་བ་དང་། བོད་མིའི་ཁྲིམས་མཐུན་གྱི་གཞུང་དགའ་ལྡན་ཕོ་བྲང་དང་དེའི་རྗེས་སུ་སྙེག་མཁན་བོད་མི་ཁྲི་བརྒྱད་ཙམ་བཙན་བྱོལ་དུ་གྱར་ནས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བའི་མུན་ནག་དང་། གཉན་འཕྲང་ཆེ་ཤོས་ཀྱི་དུས་སྐབས་ཤིག་ལ་གདོང་ལེན་བྱེད་དགོས་བྱུང་ཡོད་པས། དུས་དྲན་མཛད་སྒོ་འདི་བརྒྱུད་ནས་ལུས་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་བསྔོ་སྨོན་དང༌། རྒྱ་གཞུང་གི་བཙན་གནོན་མནར་གཅོད་ལའང་གཉའ་མི་ཞུམ་པའི་གཞིས་ལུས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
འདས་པའི་མི་ལོ་ ༦༦ རིང་དང་། ལྷག་པར་དུ་ད་ལྟའི་རྒྱ་ནག་གི་དབང་འཛིན་པ་ཚོས་བོད་མི་རིགས་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་སྦས་སྐུང་མེད་པར། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་ཟེར་བ་བསྒྲགས་ནས་བོད་མི་རིགས་ཀྱི་ངོ་བོ་འདོར་དུ་བཅུག་སྟེ། རྒྱ་རིགས་ཡིན་པའི་འདུ་ཤེས་བཙན་འགེལ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་ཟེར་ནས་བོད་མིའི་ཆོས་དད་རང་དབང་ཕྲོགས་ཏེ་དགོན་པ་སློབ་གྲྭ་ཅན་དུ་བཙན་བསྒྱུར། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཟེར་བར་བསྙད་དེ། སློབ་གྲྭ་དང་སྤྱི་ཚོགས་སྟེང་བོད་ཡིག་སློབ་གཉེར་དང་བཀོལ་སྤྱོད་ལ་ཕྱོགས་ཡོངས་ནས་འགོག་གནོན། བོད་ཀྱི་རི་ཀླུང་རྒྱན་རྩེད་ལྟར་གཏེར་ཁ་སྔོག་འདོན་དང་འཛུགས་སྐྲུན་རྣམ་གྲངས་འདྲ་མིན་གྱིས་ཁོར་ཡུག་གཏོར་སྐྱོན་གཏོང་བ་སོགས་ཀྱི་སྲིད་ཇུས་མངོན་སུམ་འཛེམས་མེད་ཀྱིས་ལག་ལེན་བསྟར་སྟངས་ལ་བལྟས་ན། རྒྱ་གཞུང་གི་དབང་འཛིན་པ་དེ་དག་གིས་བོད་དང་བོད་མིའི་ལས་དབང་ལ་ཉམས་ཚོད་འཇིགས་ཡེར་བ་ཞིག་ལེན་བཞིན་ཡོད་ནའང་། དེ་ནི་འགྲོ་བ་མིའི་ཐུན་མོང་རིན་ཐང་ལ་རྒྱབ་འགལ་དང་། སྤྱི་ཚོགས་འཕེལ་འགྲོས་ལ་རྒྱབ་ཀྱིས་ཕྱོགས་པའི་རང་གཞན་གཉིས་ཕུང་གི་ལས་ཡིན་པ་མི་འགྱངས་བར་ར་སྤྲོད་བྱེད་ངེས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དཀྱེལ་ཡངས་དགོངས་གཞི་དང་ཞུམ་མེད་ཐུགས་སྟོབས་ཀྱིས་གཅེས་པར་བསྐྱངས་པའི་བོད་མི་ཚོས། རང་ཡུལ་བཙན་འཕྲོག་གིས་སྤུན་ཟླ་ས་ཡ་གཅིག་དང་འབུམ་གཉིས་ལྷག་དུས་མིན་རྐྱེན་ལམ་དུ་གཏོང་མཁན་གྱི་རྒྱ་གུང་ཁྲན་གཞུང་ལ་ཁོང་ཁྲོའི་དགྲ་འཁོན་མ་བཟུང་བར། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག །ཁོར་ཡུག་བཅས་རང་དབང་ངང་གཅེས་སྐྱོང་སྲུང་སྐྱོབ་ཡོང་བར་དམིགས་ཏེ། གཉིས་སྨན་དབུ་མའི་ལམ་གྱི་འཇུག་ངོགས་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱེད་བཞིན་པ་ནི། གྲོས་མོལ་དང་། འཚེ་བ་མེད་པ། གཉིས་སྨན། ཕུགས་རིང་གི་དཀའ་སེལ་ཐབས་ལམ་བཅས་ལ་བརྟེན་ནས་བོད་རྒྱའི་རྩོད་རྙོག་སེལ་བའི་མངོན་འདོད་འདི་རྒྱུ་མཚན་ཡང་དག་དང་ལག་ལེན་བསྟར་རུང་ཡིན་པར་ཡིད་ཆེས་ཡོད་པ་མ་ཟད། བོད་ས་མཐོའི་སྲིད་པ་ཆགས་པ་ནས་བཟུང་ཡུལ་འདིའི་བདག་པོ་ངོ་མ་བོད་མི་རིགས་འདིར་སུས་ཀྱང་གཞོམ་གཞིག་མི་ཕོད་པའི་ཆོས་རིག་གི་ཁྱད་ཡོན་དང་། སུས་ཀྱང་སྤ་བཀོང་མི་ནུས་པའི་མི་མང་གི་སེམས་ཤུགས། སུས་ཀྱང་ཚབ་བྱེད་མི་ཐུབ་པའི་བླ་མེད་དབུ་ཁྲིད་ཅིག་ཡོད་པ་བཅས་ཀྱི་གདེང་སྤོབས་མཚོན་སྟངས་ཤིག་ཀྱང་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི། མདའ་མཚོན་གོ་ཆ་དང་དབང་ཤེད་དཔུང་ཤུགས་ལ་རྒྱབ་བསྙེས་བློ་བཅོལ་བྱེད་པ་ལས་ལྡོག་སྟེ། འགྲོ་བ་མིའི་ནང་སེམས་ཀྱི་རིན་ཐང་དང་བཟང་པོའི་ཡོན་ཏན་གོང་སྤེལ་ལ་བརྟེན་ནས་ཞི་བདེ་དང་འཆམ་མཐུན་གྱི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཐུགས་བརྩོན་མཛད་མཁན་གྱི་གོ་ལའི་དབུ་ཁྲིད་སྙན་གྲགས་ཆེ་ཤོས་ཤིག་ཡིན་ཞིང། ༸ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཁྱབ་སྤེལ་དང་། སྐྱེ་འགྲོ་ཡོངས་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་སྐྲུན་ཐབས་སུ། འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་སྤེལ་གྱི་མཛད་ཁུར་བདག་གིར་བཞེས་པ་དང། ༸ཁོང་ཉིད་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས། འཛམ་གླིང་འདིར་སྤྱིའི་མི་འབོར་གྱི་བདུན་ཆ་གཅིག་ཙམ་ཆོས་ལུགས་བྱེ་བྲག་པའི་རྗེས་སུ་འཇུག་ཅིང་། ཆོས་ལུགས་ཆེ་ཁག་ཚང་མས་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས། ཚུལ་ཁྲིམས་སོགས་བཟང་པོའི་བསླབ་བྱ་གཅིག་གྱུར་ངང་གསུང་གི་ཡོད་སྟབས། ཆོས་ལུགས་ཁག་མཐུན་སྒྲིལ་ཡོང་བར་སྐུལ་འདེད་ཀྱི་མཛད་ཁུར། ༸ཁོང་ཉིད་བོད་མིའི་དབུ་ཁྲིད་ཡིན་པའི་ཆ་ནས། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་ཞིང་། ནང་དོན་ཕུན་སུམ་ཚོགས་ལ། འགྲོ་བ་མི་སྤྱི་ཡོངས་ལ་ཕན་བདེ་སྐྲུན་ནུས་པའི་བོད་ཀྱི་ཆོས་དང་རིག་གཞུང་དང། དེ་དག་རྒྱུན་འཛིན་གྱི་སྐད་ཡིག །དེ་བཞིན་གོ་ལ་ཧྲིལ་པོའི་ཚ་དྲོད་དང། ཨེ་ཤ་ཡའི་མི་འབོར་དུང་ཕྱུར་ཉི་ཤུ་ཙམ་ལ་ཕན་གནོད་འབྲེལ་བའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་མཛད་ཁུར་བདག་གིར་བཞེས་བཞིན་པ་བཅས་སྔ་ལོའི་འཁྲུངས་སྐར་དུས་ཆེན་དང་། མང་གཙོ་དུས་ཆེན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཉིན་མོ་བཅས་ཀྱི་གཞུང་འབྲེལ་མཛད་སྒོའི་བཀའ་ཤག་གི་གཏམ་བཤད་ཁག་ཏུ་མཛུབ་མོས་རི་སྟོན་ཙམ་ཞུས་ཟིན་པ་ལྟར། དེ་རིང་གི་མཛད་སྒོ་འདིའི་སྟེང་༸མགོན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོའི་མཛད་ཁུར་བསྐྱངས་རིམ་ལམ་ཙམ་གླེང་སློང་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་བོད་གཉིས་ནི། དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ཡིན་ཞེས་གསུངས་ཤིང་། འཕགས་བོད་གཉིས་ཀྱི་ཡུན་རིང་གི་མཛའ་འབྲེལ་ལོ་རྒྱུས་དང་། གཞི་གཅིག་ཏུ་འདྲེས་པའི་ཆོས་དང་རིག་གཞུང་གི་འབྲེལ་ལམ་སྤྱི་དང་། བྱེ་བྲག་ཏུ་བཙན་བྱོལ་གྱི་ལོ་ངོ་ ༦༥ ལྷག་རིང་རྒྱ་གར་གྱི་ས་ཐོག་ཏུ་སྐྱེ་འགྲོ་བདེ་སྐྱིད་སྒྲུབ་པའི་མཛད་ཁུར་རྣམས་རང་དབང་གི་སྒོ་ནས་བསྐྱངས་དང་སྐྱོང་ཐུབ་པ་བྱུང་བར་དམིགས་ནས་༸ཁོང་ཉིད་རྒྱ་གར་གྱི་བུ་ཡིན་ཞེས་ཀྱང་གསུངས་ཏེ། རྒྱ་གར་གཞུང་མང་ལ་མཛའ་བརྩེའི་ཐུགས་ཚོར་བསྟན་ཡོད་པ་མ་ཟད། ལོ་ངོ་བཅུ་ཕྲག་ལྔ་ཙམ་གོང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྒྲིག་འཛུགས་ཁག་འགོ་འཛུགས་བྱེད་སྐབས་ནས་བཟུང་སྟེ། རྒྱ་གར་ལ་དྲིན་གཟོའི་ཐབས་ཚུལ་སྣ་མང་ཞིག་བསྟེན་འགོ་ཚུགས་གནང་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་མཛད་འགན་རྣམས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་གནང་ནས་ལོ་ཤས་རྗེས། ༸ཁོང་ཉིད་ཀྱི་མཛད་ཁུར་བཞི་པ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱ་རྒྱུ་དེ་ཡིན་ཞེས་ཡོངས་གྲགས་སུ་གསུང་འགོ་ཚུགས་ཤིང་། ༸ཁོང་གིས་བསྐྱར་གསོ་དགོས་གལ་གསུངས་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནི། ཆོས་ལུགས་སམ་ཆོས་བརྒྱུད་བྱེ་བྲག་པའི་ལྟ་སྤྱོད་བསྐྱར་གསོ་དགོས་སྐོར་མ་ཡིན་པར། དེང་སང་གི་འཛམ་གླིང་འདིར་ཚན་རིག་དང་འཕྲུལ་ཆས། དངོས་པོའི་ལོངས་སྤྱོད་བཅས་འཕེལ་འགྲོས་ཧ་ཅང་མགྱོགས་ནའང་། ཕྱིའི་དངོས་པོའི་ཡར་རྒྱས་ཁོ་ནར་དམིགས་པས་འགྲོ་བ་མིའི་དཀའ་ངལ་ཡོངས་རྫོགས་སེལ་མི་ཐུབ་པ་གསལ་པོར་མངོན་སྟབས། ཕྱི་དངོས་པོ་དང་ནང་སེམས་རྒྱུད་ཀྱི་རིན་ཐང་དོ་སྙོམས་ངང་གོང་སྤེལ་གཏོང་གལ་ཆེ་བར་གཟིགས་ཏེ། འཚེ་བ་མེད་པ་དང་། བྱམས་བརྩེ་སོགས་བློའི་རྣམ་གཞག་དང་འབྲེལ་བའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་། དེ་དག་ལག་བསྟར་གྱི་ཉམས་མྱོང་ཁག་བསྐྱར་གསོ་གནང་གལ་གསུང་གི་ཡོད།
འཛམ་གླིང་གི་གནའ་བོའི་དཔལ་ཡོན་རྒྱལ་ཁབ་འདིའི་ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ནང་། ཆོས་ལུགས་དང་རིག་གཞུང་སྣ་མང་མཉམ་གནས་མཉམ་དར་དང་། དེས་བསྐྱེད་པའི་ལྟ་གྲུབ་དང་ཚན་རིག །སྙན་ངག །བརྡ་སྤྲོད། སྒྱུ་རྩལ། གསོ་བ་རིག་པ་སོགས་ཀྱི་གཞུང་ལུགས་འཐུས་སྒོ་ཚང་བའི་གནའ་བོའི་རིག་གཞུང་རྩ་ཆེན་རྣམས་ད་ལྟའི་ཆར་རྒྱ་གར་ནང་རྒྱུན་འཛིན་སློབ་གཉེར་བྱེད་མཁན་བྱེ་བྲག་གི་ལས་རིགས་ཁག་དང་། དེའི་རྗེས་འབྲེལ་ཉུང་ཤས་ཤིག་ཆགས་ཡོད་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་རབས་ཤེས་ཡོན་སློབ་གསོའི་མ་ལག་འཐུས་སྒོ་ཚང་བའི་རྒྱ་གར་རྒྱལ་ཡོངས་སུ་སོ་སོའི་ཕ་མེས་ཀྱི་རིག་གཞུང་བསྐྱར་གསོ་བྱ་རྒྱུ་དུས་ལ་བབས་པར་གཟིགས་ཤིང་། ཤེས་བྱ་དེ་དག་ཉར་ཚགས་དང་ཉམས་ལེན་བྱེད་བཞིན་པའི་བོད་མི་ཚོས་རྒྱ་གར་གཞུང་མང་ལ་དེའི་ཐོག་ལེགས་སྐྱེས་འབུལ་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད།
དེ་ཇི་ལྟར་ཞེ་ན། བོད་ཀྱི་སྐད་ཡིག་ཏུ་རྒྱ་གར་གྱི་གནའ་བོའི་ཤེས་བྱའི་རྣམ་གྲངས་བཞུགས་པའི་གྲངས་ཚད་དང་སྤུས་ཚད་དེ་ལྟ་བུ་སྐད་ཡིག་གཞན་དུ་མཐོང་རྒྱུ་མེད་ཅེས་ཤོད་ཐུབ་ཅིང་། རྒྱ་གར་གྱི་གནའ་བོའི་གཞུང་ ༥༠༠༠ ཙམ་བོད་ཡིག་ཏུ་བསྒྱུར་ཡོད་པ་དེ་དག་ནི། འཕགས་བོད་ཀྱི་ལོ་པཎ་བཀའ་དྲིན་ཅན་ཚོས་ལོ་ངོ་བརྒྱ་ཕྲག་དུ་མར་འབད་འབུངས་སྙུགས་བསྲིངས་པ་ལས་བྱུང་བ་ཞིག་ཡིན་ལ། དེ་དག་གི་ནང་དོན་ནི། བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ་བཅས་རིག་གནས་ཆེ་བ་ལྔ་དང། སྙན་ངག་དང་། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་བཅས་རིག་གནས་ཆུང་བ་ལྔ་སྟེ། རིག་པའི་གནས་བཅུ་རུ་འདུས་ཤིང་། ཕོན་འབོར་ཆེ་བའི་འགྱུར་གཞུང་ཙམ་དུ་མ་ཟད། བོད་ཀྱི་མཁས་པ་རྣམས་ཀྱིས་གཞུང་དེ་དག་ལ་འགྲེལ་བཤད་གཏོས་ཆེ་བ་བརྩམས་ཡོད་ལ། གཞུང་འགྲེལ་ཁག་ཅིག་རྒྱ་གར་ལས་བོད་དུ་མང་བ་བྱུང་ཡོད་པ། དཔེར་ན། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་སྡེ་བདུན་ལས། གྲགས་ཆེ་བ་ཚད་མ་རྣམ་འགྲེལ་ལ་རྒྱ་གར་གྱི་མཁས་པ་རྣམས་ཀྱིས་འགྲེལ་པ་བཅུ་གཉིས་དང་། བོད་ཀྱི་མཁས་པ་རྣམས་ཀྱིས་འགྲེལ་པ་ལྔ་བརྒྱ་ཙམ་བྲིས་ཡོད་ཅིང། པཱ་ཎི་ནིའི་བརྡ་སྤྲོད་པའི་སྐོར་ལ་རྒྱ་གར་མཁས་པས་འགྲེལ་པ་གཅིག་དང་བོད་ཀྱི་མཁས་པ་རྣམས་ཀྱིས་འགྲེལ་པ་བཞི་བཅུ་ཙམ་བྲིས་ཡོད་ལ། འཇམ་དཔལ་གྱི་བརྡ་སྤྲོད་ལྟ་བུ་བོད་ཡིག་ཏུ་བཞུགས་པ་ལས་རྒྱ་གར་ནང་མཐོང་ཡུལ་དུ་མེད་པར་གྱུར་ཡོད།
བོད་ཀྱི་སྐད་ཡིག་ཏུ་བཞུགས་པའི་རྒྱ་གར་གྱི་གནའ་བོའི་གཞུང་མང་ཆེ་བ་ནང་དོན་རིག་པའི་སྐོར་ཡིན་པས། རྒྱལ་བའི་བསྟན་པ་ཚང་ལ་མ་ནོར་བ་བོད་བརྒྱུད་ནང་བསྟན་དུ་བཞུགས་ཡོད་ཅེས་གསུང་སྲོལ་ཡོད་ནའང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་ནང་ཆོས་སྤེལ་བཞེད་གནང་གི་མེད་པ་འཇིག་རྟེན་འདིར་ཡོངས་གྲགས་ཡིན་ལ། ༸ཁོང་གིས་ནང་ཆོས་ལ་ནང་པའི་ཆོས་ལུགས་དང་། ནང་པའི་ལྟ་གྲུབ། ནང་པའི་ཚན་རིག་བཅས་སྡེ་ཚན་གསུམ་དུ་ཕྱེས་ཏེ། ཕྱི་མ་གཉིས་བརྒྱ་ཕྲག་སྔོན་མའི་ལོ་རབས་ ༨༠ ནས་བཟུང་ད་ལྟའི་བར་དེང་རབས་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་ཐེངས་ ༣༨ སྐོང་ཚོགས་གནང་སྟེ། སེམས་ཁམས་རིག་པ་དང་། བཟང་སྤྱོད། དབང་རྩའི་ཚན་རིག་སོགས་ཀྱི་སྐོར་འཛམ་གླིང་གི་ཚན་རིག་པའི་བགྲོ་གླེང་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་འདི་རིགས་ཀྱང་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་ཆ་ཤས་ཤིག་ཡིན་པ་སྨོས་ག་ལ་དགོས།
བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་རིག་སྲུང་སྐྱོབ་བཅས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཁུར་རྣམས་ཀྱིས་འཇིག་རྟེན་འདིར་འཚོ་ཞིང་གནས་པ་དང་འབྱུང་འགྱུར་གྱི་སྐྱེ་འགྲོ་ཡོངས་ལ་མི་ཚེ་བདེ་སྐྱིད་དང་། སྤྱི་ཚོགས་ཞི་མཐུན་ཡོང་བར་དམིགས་ནས་ཐུགས་བརྩོན་མཛད་བཞིན་ཡོད་སྟབས། བོད་ཡིག་ཏུ་བཞུགས་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་སྟེ། ཚད་མ་རིག་པ་ལ་བརྟེན་ནས་དོགས་སློང་གི་རིགས་ལམ་གོང་སྤེལ་དང་། འཚེ་བ་མེད་པ་དང་སྙིང་རྗེའི་བློ་ལ་བརྟེན་ནས་ཞི་བདེ་སྐུལ་འདེད། སེམས་དང་སེམས་བྱུང་གི་རྣམ་གཞག་དང་བྱེད་ལས་ངོས་འཛིན་ལ་བརྟེན་ནས་ཡིད་བདེའི་སེམས་མྱོང་སྐྱེད་སྟངས་སྦྱོང་བརྡར། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ལ་བརྟེན་ནས་འགྲོ་བ་མི་སྤྱི་ཡོངས་ཀྱི་ཀུན་སྤྱོད་རྨང་གཞི་གསར་སྐྲུན། སྒོམ་སྒྲུབ་ལ་བརྟེན་ནས་སེམས་ཁམས་བདེ་ཐང་གསོ་བཅོས། རྟེན་འབྱུང་ལྟོས་གྲུབ་ཀྱི་ལྟ་བ་ལ་བརྟེན་ནས་གཅིག་ལ་གཅིག་རྟེན་གྱི་འཇིག་རྟེན་རྒྱུས་ལོན་སོགས་ཀྱི་ཤེས་བྱ་རྣམས་གཞི་རིམ་སློབ་གྲྭ་ཁག་ཏུ་སློབ་གཉེར་འགོ་འཛུགས་བྱེད་ཐུབ་པ་ཡིན་ན། ལོ་ངོ་བཅུ་ཕྲག་འགའི་ནང་འགྲོ་བ་མི་སྤྱི་ལ་འཕྲད་བཞིན་པའི་སེམས་ཁམས་བདེ་ཐང་གི་གནད་དོན་དང་། བཟང་སྤྱོད་ཉམས་འཆལ་གྱི་དཀའ་ངལ། གཅིག་འཇགས་གཉིས་ལངས་ཀྱི་གོ་ལའི་རྩོད་རྙོག་རིགས་སེལ་རྒྱུར་ཕན་ཐོགས་འབྱུང་ངེས་ཀྱི་ཐུགས་རེ་གནང་གི་ཡོད་ལ། ནང་པའི་ལྟ་གྲུབ་དང་། ཚད་མ་རིག་པ། གཏན་ཚིགས་རིག་པའི་གཞུང་ལུགས་མང་པོ་འགྱུར་ཐུབ་མེད་པའི་རྒྱ་ནག་ཏུའང་དར་ཁྱབ་ཡོང་རེ་གནང་བཞིན་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་རྒྱུའི་ཐུགས་རེ་འདི་གློ་བུར་དུ་འཁྲུངས་པ་ཞིག་མིན་ཏེ། ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དམིགས་ཡུལ་ཆེན་པོ་བཞི་ལས། གཅིག་ནི་རྒྱ་གར་འཕགས་པའི་ཡུལ་གྱི་གནའ་བོའི་གཞུང་ཁག་ལེགས་སྦྱར་སོགས་ནས་བོད་སྐད་དུ་བསྒྱུར་བའི་རྒྱ་དཔེ་རྩ་བརླག་ཏུ་སོང་བ་རྣམས་བོད་འགྱུར་ནས་ལེགས་སྦྱར་སྐད་དུ་བསྐྱར་གསོ་བྱ་རྒྱུ་དང་། དོན་ཚན་གཞན་དུ། བོད་ཀྱི་སློབ་གཉེར་བ་རྣམས་དང་མཐའ་མཚམས་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་རྒྱ་གར་སློབ་ཕྲུག་དེ་སྔ་བོད་དུ་ཕེབས་ཏེ། སློབ་གཉེར་བྱེད་སྲོལ་ཡོད་པ་རྣམས་ལ་དེ་མཚུངས་སློབ་གཉེར་གྱི་གོ་སྐབས་སྤྲོད་རྒྱུ་ཞེས་གསལ་བ་བཞིན། སློབ་གཉེར་ཁང་འདི་ནས་ད་བར་དེབ་གྲངས་ ༣༥༥ ཙམ་དཔར་སྐྲུན་ཟིན་པའི་ཁོངས་བོད་ཡིག་ནས་ལེགས་སྦྱར་དུ་བསྐྱར་གསོ་བྱས་པ་དེབ་གྲངས་ ༨༠ དང་། བོད་ཡིག་དང་ལེགས་སྦྱར་གྱི་ཚིག་མཛོད་ཆེན་མོ་པོད་ ༡༦ ཅན་དང་། གསོ་བ་རིག་པའི་ཚིག་མཛོད་དེབ་གྲངས་ ༤ ཅན་སོགས་ཚུད་ཅིང་། སློབ་གཉེར་ཁང་འདི་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་གཉེར་བ་ཆིག་སྟོང་ལྷག་ཙམ་སྐྱེད་སྲིང་བྱེད་ཐུབ་ཡོད།
སྦེང་ལོར་༸གོང་ས་༸ཏཱ་ལའི་བླ་མ་མཐོ་སློབ་ཀྱིས་བོད་རིགས་གཙོ་གྱུར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་རྣམས་ལ་བོད་རིག་པའི་སློབ་ཚན་དང། གནའ་དེང་གི་ཤེས་ཡོན་སྣ་མང་སློབ་ཁྲིད་བྱེད་བཞིན་ཡོད་ལ། ས་རཱ་མཐོ་རིམ་སློབ་གཉེར་ཁང་དུ་ཕྱི་རྒྱལ་བ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་བསྡུ་འཇུག་གི་ལམ་སྲོལ་འགྲོ་མུས་ལྟར། ནང་དོན་རིག་པའི་འཛིན་གྲྭར་ལོ་ཡུན་གཅིག་རེའི་བློ་རིག་དང་རྟགས་རིགས་ཀྱི་འཛིན་གྲྭ་སོ་སོ་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། ནང་པའི་ཚན་རིག་དང་ལྟ་གྲུབ་སོགས་ཀྱི་སློབ་ཚན་བཀོད་སྒྲིག་གནང་འདུག་ཅིང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་སྐད་ཡིག་འཛིན་གྲྭ་དང་། རྒྱུན་གཏན་ནང་ཆོས་དང་། ལོ་དྲུག་ནང་ཆོས། ཚན་རིག་ཟབ་སྦྱོང་སོགས་ཀྱི་འཛིན་གྲྭ་ཇི་སྙེད་ཅིག་གཉེར་བཞིན་ཡོད་ལ། དེ་བཞིན་དུ་ལྡི་ལི་བོད་ཁང་གི་རྒྱལ་སྤྱིའི་ནཱ་ལེན་ཌ་གཙུག་ལག་རབ་འབྱམས་པའི་འཛིན་གྲྭ་དང་། དུས་ཐུང་སྦྱོང་བརྡར་འཛིན་གྲྭ་ཁག་ལ་མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་ ༩༡ གི་སློབ་གཉེར་བ་ ༦༠༠༠ ལྷག་བྱུང་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་སྟོང་ཕྲག་ཙམ་དང་། དོན་གཅོད་ཁང་ཁག་གི་འཛིན་སྐྱོང་འོག་ཏུ་ཡོད་པའི་ལྟེ་གནས་ཁག་གིས་རྒྱལ་སྤྱིའི་ཁྱོན་ལ་སྲི་ཞུ་སྒྲུབ་བཞིན་ཡོད།
བརྒྱ་ཕྲག་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་ཀྱི་གདན་ས་ཁག་ཏུ་དེང་རབས་ཚན་རིག་ལ་སློབ་གཉེར་བྱེད་དགོས་པ་དང་། བོད་མིའི་སློབ་གྲྭ་ཁག་ཏུ་རིགས་ལམ་གྱི་སློབ་ཚན་འཇུག་དགོས་པའི་བཀའ་སློབ་རིམ་ཅན་དུ་གནང་སྟེ། ཆོས་རིག་ལས་ཁུངས་དང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་སོགས་ནས་དགོན་པ་ཁག་གི་ཚན་རིག་དགེ་རྒན་སྐྱེད་སྲིང་ལ་དམིགས་པའི་ཟབ་སྦྱོང་ལས་གཞི་རྒྱུན་མཐུད་སྤེལ་མུས་ཡིན་པ་དང་། དགོན་པ་གྲྭ་ཚང་དང་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་དབར་མཉམ་འབྲེལ་ལས་གཞི་ཇི་སྙེད་ཅིག་སྤེལ་བཞིན་ཡོད་ལ། སློབ་གྲྭ་ཁག་ཏུ་བོད་སྐད་ཀྱིས་སློབ་ཁྲིད་ཐོག་ནས་གནའ་དེང་ཤེས་ཡོན་འདབ་གཤོག་གཉིས་ལྡན་སྐྱེད་སྲིང་གི་སྲིད་ཇུས་རྒྱུན་མཐུད་བཞིན་ཡོད་ཅིང། བཙན་བྱོལ་བོད་མིའི་དགོན་སྡེ་དང་། སློབ་གྲྭ་ཁག་ཏུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་བཙུན་དང་། སློབ་ཕྲུག་ཁྲི་ཕྲག་དུ་མ་སྐྱེད་སྲིང་གི་གྲུབ་འབྲས་རྣམས་དེང་སང་རྒྱ་གར་གྱི་མཐའ་མཚམས་ཁག་ནས་རྒྱལ་སྤྱིའི་སྡིངས་ཆ་གྲགས་ཅན་ཁག་བར་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༠ ལོ་ནས་༸སྐུའི་ཉེ་འཁོར་དང་གདན་སའི་མཁས་པ་དུ་མར་ལས་འགན་ཆེད་བསྐུར་གྱིས། སྐབས་བཅུ་གཉིས་ཅན་གྱི་ནང་པའི་ཚན་རིག་ཀུན་བཏུས་དང་། སྐབས་དགུ་ཅན་གྱི་ནང་པའི་ལྟ་གྲུབ་ཀུན་བཏུས་གཉིས་རྩོམ་སྒྲིག་དཔར་སྐྲུན་ལེགས་གྲུབ་བྱུང་བ་མ་ཟད། པོད་བདུན་དུ་གྲུབ་པའི་ལེགས་བཤད་འདི་ཨིན་ཡིག་གིས་མཚོན་པའི་སྐད་ཡིག་གཞན་དག་ཏུ་བསྒྱུར་དང་སྒྱུར་བཞིན་ཡོད་ལ། འཕགས་བོད་གནའ་རབས་ཀྱི་ལྟ་གྲུབ་དང་ནང་དོན་རིག་པའི་སྲོལ་རྒྱུན་སླར་གསོའི་ཆེད་གནས་མཆོག་རྡོ་རྗེ་གདན་དུ་ཏཱ་ལའི་བླ་མ་བོད་དང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་སློབ་གཉེར་ཁང་འཛུགས་སྐྲུན་འགྲོ་བཞིན་པ་དེས། འཛམ་གླིང་ཡོངས་ཀྱི་དོན་གཉེར་ཅན་ཚོར་སྒོ་ཕྱེས་ཡོད་པ་འདི་དག་ནི། རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོའི་ཐབས་ཚུལ་རགས་རིམ་ཙམ་ཡིན་ཞིང་། རྒྱ་གར་གྱི་ཆབ་སྲིད་དང་། ཆོས་ལུགས། ཤེས་ཡོན་སྡེ་ཁག་གི་དབུ་ཁྲིད་མང་དག་ཅིག་གིས་མགོན་པོ་མཆོག་གི་མཛད་ཁུར་བཞེས་སྟངས་འདིར་ཚད་མཐོའི་གདེང་འཇོག་དང་རྒྱབ་སྐྱོར་ཞུ་བཞིན་ཡོད།
ད་ལྟའི་རྒྱ་གར་འདི་ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན་སློབ་གསོ། ཚན་རིག་ལག་རྩལ་གང་ཅིར་འཕེལ་འགྲོས་མགྱོགས་པའི་ཐོག །དྲང་བདེན་དང་རང་དབང་། འདྲ་མཉམ་བཅས་གསེར་གྱི་ཟུར་གསུམ་མས་དམ་པོར་བཅིངས་པའི་རྒྱ་གར་གྱི་རྩ་ཁྲིམས་དང། དེ་ཉིད་ལ་གཞུང་དང་མི་མང་གཉིས་ཀས་སྙིང་ནས་བརྩི་བཀུར་དང་ཉམས་ལེན་བྱེད་པའི་མང་གཙོའི་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་ཡོད་པ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོའི་ཐུགས་བཞེད་མངོན་འགྱུར་ཡོང་བའི་རྒྱབ་རྟེན་གཙོ་བོ་དེ་ཆགས་ཡོད་ཅིང་། བསྐྱར་གསོ་དུས་ལ་བབས་པའི་གཟིགས་ཚུལ་ཡང་ཡིན།
དེང་སང་རྒྱལ་སྤྱིའི་སློབ་གསོའི་ལམ་ལུགས་ནང་སྤྱི་སེམས་སྤྱོད་གསུམ་གྱི་སློབ་གཉེར་ SEE Learning ལམ་ལུགས་འདི་རྒྱལ་ཁབ་ ༡༧༠ ལྷག་ནང་ལག་བསྟར་བྱེད་བཞིན་པའི་ཁོངས་སུ། ལྡི་ལི་གྲོང་ཁྱེར་དང་། ཧི་མཱ་ཅལ་མངའ་སྡེས་མཚོན་པའི་རྒྱ་གར་རྒྱལ་ཡོངས་སུ་སློབ་གྲྭ་འབུམ་གཅིག་ནང་སློབ་གཉེར་བྱེད་བཞིན་ཡོད་ལ། རྒྱ་གར་དབུས་གཞུང་གི་ཤེས་ཡོན་སྲིད་ཇུས་གསར་པའི་ནང་དུའང་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོའི་ཁ་ཕྱོགས་གཏན་འབེབས་གནང་ཡོད་པས། སློབ་གྲྭ་ཁག་ཏུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་རྒྱུའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཁུར་འདི་བདེ་བླག་ངང་དར་འཕེལ་འགྲོ་བཞིན་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། གོ་ལའི་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་རིག་སྲུང་སྐྱོབ། རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བཅས་ཀྱི་བཞེད་དགོངས་རྣམས་མདོར་དྲིལ་ན་གཞི་གཅིག་ཏུ་སྦྲེལ་ནས་ཡོད་ཅིང་། འདི་ནི་རྒྱལ་ཁབ་དང་། མི་རིགས་བྱེ་བྲག་པའི་ཁེ་ཕན་གྱི་སོ་མཚམས་ལས་བརྒལ་ཏེ། འགྲོ་བ་མི་སྤྱི་ཡོངས་ལ་བྱམས་བརྩེའི་སྤྱི་ཚོགས་དང་། ཞི་བདེའི་འཇིག་རྟེན་ཞིག་སྐྲུན་ཐབས་ལ་འབད་བརྩོན་མཛད་བཞིན་ཡོད་སྟབས། རྒྱ་གར་ནང་བསྐྱར་གསོ་བྱུང་བ་དང་བསྟུན་རྒྱ་ནག་གིས་མཚོན་པའི་འཛམ་གླིང་འདིར་དར་ཁྱབ་ཡོང་བའི་ཐུགས་རེ་ལ་དགག་ཆ་ཡོང་ས་ཤིག་ཡོད་མི་ཤེས།
བློ་ཕངས་པ་ཞིག་ལ། འདས་པའི་མི་ལོ་ ༧༥ ལྷག་རིང་། གུང་ཁྲན་གཞུང་གིས་རྒྱ་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་རྒྱབ་ཏུ་བསྐྱུར་ཏེ། མི་མང་ལ་གྲལ་རིམ་འཐབ་རྩོད་དང་། དྲག་པོའི་གསར་བརྗེའི་ལྟ་སྤྱོད་ཞེ་ཅིག་བཙན་སྤེལ་བྱས་པའི་རྐྱེན་གྱིས། དཔོན་རིགས་རྣམས་ལྐོག་ཟ་རུལ་སུངས་དང་། གཞི་རིམ་དུ་སྤྱི་ཚོགས་ཉེས་སྤྱོད་དོན་རྐྱེན་གང་སར་འབྱུང་བཞིན་པ་དེ་རིགས་ཀྱི་ནད་བརྒྱ་འཇོམས་པའི་སྟོང་ཐུན་སྨན་གཅིག་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཁུར་བཞི་ལ་དྲང་ཕྱོགས་ནས་དཔྱད་ཞིབ་ཞུ་རྒྱུ་དེ་ཡིན་པ་དང་། མ་མཐའ་ཡང་སློབ་གྲྭ་ཁག་ཏུ་སྤྱི་སེམས་སྤྱོད་གསུམ་གྱི་སློབ་གཉེར་འགོ་འཛུགས་བྱེད་གལ་ཆེ་བ་སྨོས་མེད་ཡིན་ནའང་། སྲིད་དབང་ལ་སྐྱབས་བཅོལ་བའི་དབང་འཛིན་པ་དེ་ཚོར་བླང་དོར་བློ་མིག་འབྱེད་པའི་གོ་སྐབས་ཤིག་ནམ་ཤར་ཆ་མ་འཚལ།
མར་ཁེ་སིས། གཉའ་གནོན་མྱོང་མཁན་གྱིས་མི་རིགས་ལ་སོ་སོའི་ལས་དབང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་དང་། མི་རིགས་གཉའ་གནོན་དང་། མི་རིགས་བཤུ་གཞོག་ལ་ངོ་རྒོལ། མི་རིགས་རིང་ལུགས་ལ་དགག་སྒྲུབ་བྱེད་ཀྱི་ཡོད་མོད། རྒྱ་གུང་ཁྲན་གྱིས་སོ་སོའི་སྟོན་པའི་ལྟ་གྲུབ་ལ་རྒྱབ་ཀྱིས་ཕྱོགས་ཏེ། བོད་ཐེ་བའི་མི་རིགས་ཚང་མར་རྟོག་བཟོ་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་སྐྲུན་དགོས་ལུགས་བཙན་འགེལ་དང་། བོད་རིགས་རྣམས་ཆབ་སྲིད་ཀྱི་ཐོག་ནས་གྲལ་རིམ་དམའ་བའི་མི་སེར་དུ་བརྩིས་ཏེ། ཉིན་མཚན་དུས་དྲུག་གི་འགྲོ་འདུག་ཉལ་འཆག་དང་བཅས་པ་གནམ་ས་གཉིས་ནས་སོ་སྲུང་བྱ་རའི་འོག་གནས་དགོས་པ། བོད་ཕྲུག་རྣམས་ལ་རྒྱའི་སྐད་ཡིག་དང་དམར་པོའི་ལྟ་སྤྱོད་བཙན་ཁྲིད། བོད་བརྒྱུད་ནང་བསྟན་རྒྱ་བསྒྱུར་སོགས་སྲིད་ཇུས་དེ་རིགས་མར་ཁེ་སིའི་ལྟ་གྲུབ་ལ་རྒྱབ་འགལ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ཁག་ལ་རྡོག་བརྫིས་བཏང་བ་ཞིག་ཡིན་པ་མ་ཟད། དམར་པོའི་གཞུང་འདིས་མུ་མཐུད་བོད་རྒྱ་མི་རིགས་གཉིས་ཀྱི་མཛའ་འབྲེལ་ལོ་རྒྱུས་ལ་གསོ་ཐབས་མེད་པའི་རྨ་ཁ་བཟོ་རྒྱུར་རྔམ་བཞིན་པ་གསལ་སྟོན་བྱས་ཡོད།
རྒྱ་གཞུང་གིས་བོད་རིགས་རྣམས་རྒྱ་བསྒྱུར་གྱི་བྱེད་ཐབས་ནི། མི་རིགས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བརྒྱུད་ནས་ཀྲུང་ཧྭ་མི་རིགས་གཅིག་བཟོ་རྒྱུ་ཡིན་ལུགས་སྒྲོག་གི་ཡོད་པ་ལྟར། བོད་ཁུལ་གྱི་གཞི་རིམ་འོག་མ་དང་བར་མ་ནས་སློབ་ཐོན་བོད་ཕྲུག་རྣམས་རྒྱ་ནག་ཏུ་སློབ་གྲྭའམ་འཛིན་གྲྭར་འདེམས་གཏོང་དང་། བོད་རིགས་བསླབ་མཐར་སོན་པ་རྣམས་རྒྱ་ནག་ཏུ་ལས་ཀ་བཀོད་སྒྲིག་བྱེད་པ་ལས། བོད་ཁུལ་གྱི་སྲིད་གཞུང་དང་གཞུང་འབྲེལ་སྡེ་ཚན་ཁག་ཏུ་རྒྱ་རིགས་ལ་ལས་ཀ་སྤྲོད་པ། བོད་ཀྱི་ཞིང་པ་དང་འབྲོག་པ་རྣམས་སོ་སོའི་སྲོལ་རྒྱུན་འཚོ་རྟེན་ལ་བརྟེན་ནས་གནས་ཐབས་མེད་པ་བཟོས་ཏེ་ཡུལ་གཞན་དུ་ཁྲིད་ཀྱི་ཡོད་པ། དཔེར་ན། སྔ་ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། ཞིང་འབྲོག་མང་ཚོགས་ཁྲི་ ༦༢ ལྷག་དམག་སྦྱོང་ཅན་གྱི་ལས་རིགས་སྦྱོང་བརྡར་གྱི་བྱེད་ཐབས་སྤྱད་དེ་ལམ་བཟོ་དང་། གཏེར་ཁ་སྔོག་འདོན་སོགས་སུ་ངལ་རྩོལ་བཙན་སྐུལ་བྱེད་བཞིན་པའི་སྐོར་མཉམ་འབྲེལ་རྒྱལ་ཚོགས་ངལ་རྩོལ་བའི་སྒྲིག་འཛུགས་ཀྱི་སྙན་ཐོའི་ནང་བཀོད་ཐོན་བྱུང་ཡོད་ཅིང། མི་རིགས་མཉམ་འདྲེས་ཟེར་བ་ལག་བསྟར་བྱེད་སྟངས་ཤིག་ནི། རྒྱ་གཞུང་གིས་བོད་ཀྱི་གླུ་གཞས་ཀྱི་གདངས་དབྱངས་དང་། གར་གྱི་སྟངས་སྟབས་ལ་བསྲེ་བསླད་དང་། སྲོལ་རྒྱུན་རྒྱན་གོས་དང་། ལྷ་མོའི་འཁྲབ་ཆས་ཀྱང་ར་མ་ལུག་ཏུ་སྒྱུར་བཞིན་པ་འདི་ལོར་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱའི་ལོ་གསར་དང་བོད་ཀྱི་ལོ་གསར་གྱི་རིག་གཞུང་འཁྲབ་སྟོན་བཀོད་སྒྲིག་བྱས་པ་ཁག་ནས་ཀྱང་མཐོང་རྒྱུ་འདུག
བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གི་གནས་སྟངས་ཚབས་ཆེ་ཡོད་པའི་སྐོར། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ཝོལ་ཀར་ཊར་ཀི་མཆོག་གི་གསུང་བཤད་དང་། དེ་བཞིན་ཨ་རིའི་རང་དབང་ཁང་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་སོགས་ཀྱི་སྙན་ཐོའི་ནང་རིམ་པར་ཐོན་ཡོད།
འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་ཀྱི་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱིས་༸སྐུའི་གོ་སྟོན་ནས་བཟུང་ལོ་འཁོར་མོར་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྔོན་སོང་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལ་འདིའི་ཕྱི་སྣོད་ཀྱི་བཀོད་པ་དང་། ནང་བཅུད་ཀྱི་སེམས་ཅན་སྤྱི་ལ་གཅིག་གྱུར་ངང་ཕན་བདེ་སྒྲུབ་པའི་བཞེད་དགོངས་དང་། དེའི་ཆེད་དུ་ཐུགས་བརྩོན་གནང་བཞིན་པའི་མཛད་ཁུར་བཞི་སློབ་གཉེར་རྒྱུས་ལོན་དང་། སོ་སོས་ཉམས་ལེན། གཞན་ལ་སྐུལ་སྤེལ་ཞུ་རྒྱུ་ནི་༸སྐུའི་གོ་སྟོན་གྱི་དོན་སྙིང་ཡིན་པས། སྐལ་ལྡན་རྗེས་འཇུག་པ་དང་། དོན་གཉེར་ཅན་ཚོར་དེ་དོན་སྙིང་བཅངས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།
འགྱུར་བའི་རླབས་ཕྲེང་རྒོད་པའི་གནས་སྐབས་འདིར། བོད་ཀྱི་འཕྲལ་ཕུགས་དཀའ་ཉེན་ལ་གདོང་ལེན་བྱེད་པའི་ཐབས་མཆོག་ཀྱང་མི་རེ་ངོ་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཁུར་བཞི་རྒྱུས་ལོན་ཉམས་ལེན་ཞུ་རྒྱུ་དེ་ཡིན་པ་སྨོས་མ་དགོས་ལ། ལུས་སྲོག་འབེན་ལ་བཙུགས་ནས་བོད་ཀྱི་བདེ་རྩའི་ཐོག་འབད་འབུངས་གནང་བཞིན་པའི་གཞིས་ལུས་སྤུན་ཟླ་རྣམས་ཀྱིས་སོ་སོའི་ལྷན་སྐྱེས་ཀྱི་ཐོབ་ཐང་རྣམས་རྩོད་ལེན་གནང་དང་གནང་བཞིན་པ་ནི་བོད་དོན་འཐབ་རྩོད་ཀྱི་རྩིག་རྨང་ངོ་མ་དེ་ཡིན་པས། གཞོམ་གཞིག་མེད་པའི་ནུས་རྩལ་དང་རྣམ་དཔྱོད་མུ་མཐུད་འདོན་སྤྲུགས་ཡོང་བའི་རེ་བ་དང་། རང་དབང་ལུང་པར་གནས་འཁོད་ང་ཚོ་བཙན་བྱོལ་བོད་མི་རྣམས་ལ་ཡང་གདོང་ལེན་བྱེད་དགོས་པའི་དཀའ་ངལ་སྣ་ཚོགས་ཡོད་ནའང་། ཚང་མས་སྙིང་སྟོབས་བསྐྱེད་དེ་སྤྱི་དོན་ཐོག་ནུས་པ་མཉམ་སྤུངས་བྱ་རྒྱུ་ནི་འཐབ་རྩོད་བྱེད་མཁན་མི་རིགས་ཤིག་གི་གཡོལ་ཐབས་མེད་པའི་ལས་འགན་ཡིན་པ་སྙིང་བཅངས་གནང་གལ་ཞེས་གསལ་འདེབས་ཞུ་བཞིན་ཡོད།
དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་བོད་ཀྱི་བདེན་དོན་འཐབ་རྩོད་དང་། བོད་མིའི་སྤྱི་ཚོགས་བདེ་དོན་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་རོགས་རམ་གནང་མཁན་གྱི་སྲིད་གཞུང་དང་། ཚོགས་སྡེ། སྒེར་པ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་བདེ་སྐྱིད་ཀྱི་ཆེད། མཛད་ཁུར་ཆེན་པོ་བཞི་བདག་གིར་བཞེས་ཏེ། འདོད་ཁམས་བདག་མོས་ལུང་གིས་བསྟན་པ་ཇི་ལྟར་ཞལ་གྱིས་བཞེས་པ་བཞིན་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཅིང་། ས་ཆེན་ཧྲིལ་པོར་༸མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་པའི་སྨོན་འདུན་ཞུ་རྒྱུ་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༠ ལ། །