
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༣ པའི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཆུ་བཞི་སྒང་དྲུག་དཔའ་བོའི་རྗེས་དྲན་ཚོགས་ཁང་ནང་མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་ ༥༢ པའི་དབུ་འབྱེད་མཛད་སྒོ་ཚོགས་ཤིང་། སྐབས་དེའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ཆེད་ཕེབས་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་དམག་སྤྱི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་ལོ་རྒྱུས་དཔེ་དེབ་ཆུ་བཞི་སྒང་དྲུག་ “Four Rivers, Six Ranges” ཅེས་པ་དབུ་འབྱེད་གནང་བ་དང་། གཞན་ཡང་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་རྒྱུན་ལས་དང་ཚོགས་མི་སོགས་ཕེབས་ཡོད་འདུག
སྐབས་དེར་སྐུ་མགྲོན་གཙོ་བོ་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ནས་གསུང་བཤད་གནང་དོན། དེ་རིང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༥༢ པའི་ཐོག་ཕེབས་མཁན་ཕྱག་སྦྲེལ་སྤྱི་འཐུས་རྣམ་པ་དང་། ཚོགས་བཅར་བ། སྒྲིག་འཛུགས་དེར་དངོས་ཤུགས་བརྒྱུད་གསུམ་གྱིས་སྐུ་ལས་སྐྱོན་མཁན་མི་རབས་རྒན་པ་རྣམ་པ། རྒྱུན་ལས་དང་ཚོགས་མི་ཡོངས་ལ་ཐོག་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཆབས་ཅིག་དེ་རིང་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོ་ཡང་ཆགས་བསྡད་ཡོད་རེད། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ཚོགས་འདུ་འདི་བརྒྱུད་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གུས་འདུད་ཞུ་རྒྱུ་དང་། གཞིས་བཞུགས་བོད་མི་རྣམས་ཀྱི་ལྷག་བསམ་ཟོལ་མེད་ཞུམ་པ་མེད་པའི་སྙིང་སྟོབས་ལ་གུས་བརྩི་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་དེ་གློ་བུར་དུ་གསར་འཛུགས་གནང་བའི་སྒྲིག་འཛུགས་ཤིག་མ་ཡིན་པར། དམིགས་ཡུལ་དང་། དགོས་མཁོ་ཆེན་པོ་ཞིག་གི་ཐོག་ནས་བཙུགས་པའི་སྒྲིག་འཛུགས་གལ་ཆེན་ཞིག་ཆགས་བསྡད་ཡོད་རེད། ལྷག་པར་དུ་དགྲ་བོ་རྒྱ་དམར་གཞུང་གིས་བོད་ས་བཙན་བཟུང་བྱེད་སྐབས་དངོས་ཤུགས་བརྒྱུད་གསུམ་གྱིས་ཁ་གཏད་གཅོག་མཁན་ཞིག་དང་། ལོ་རྒྱུས་རང་བཞིན་ལྡན་པའི་དམག་གི་སྒྲིག་འཛུགས་གལ་ཆེན་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད།

རྒྱལ་ཁབ་དང་མི་རིགས་ཤིག་མདུན་བསྐྱོད་དང་། གོང་འཕེལ་ཡོང་བར། ལོ་རྒྱུས་ཀྱི་དྲན་ཤེས་ནི་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། དེ་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་སྒྲིག་འཛུགས་ཀྱི་ཐོག་ནས་བོད་རྒྱལ་ཁབ་དང་མི་རིགས་ཆེད་ཚེ་སྲོག་བློས་བཏང་གིས་རྒྱ་དམར་གཞུང་ལ་ཁ་གཏད་བཅག་ཡོད་པ་དེ། ང་ཚོའི་འཐབ་རྩོད་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་གལ་ཆེན་པོ་ཞིག་ཆགས་ཡོད་པས། ང་ཚོ་བོད་མི་ཚང་མས་དེར་ངོས་འཛིན་བྱེད་པའི་ཐོག་ནས་ལོ་རྒྱུས་ཤེས་དགོས་པ་དང་། མི་མང་ནང་དེ་དོན་སྐོར་གསུང་དགོས་པ་གལ་ཆེན་པོ་རེད།
རྒྱལ་ཁབ་གཅིག་གི་འཐབ་རྩོད་རྒྱུན་གནས་ཐུབ་པར། མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཞེན་དགོས་རྒྱུ་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན། ང་ཚོའི་འཐབ་རྩོད་ནི་རྒྱལ་ཁབ་དང་། མི་རིགས་ཤིག་གི་འཐབ་རྩོད་ཡིན་དུས་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཞེན་ངེས་པར་དུ་སྐྲུན་ཐུབ་དགོས། དེ་ཡང་ཐོག་མར་ཕ་མ་ཚོས་སོ་སོའི་ཕྲུ་གུར་རྒྱལ་ཁབ་ཀྱི་འཐབ་རྩོད་སྐོར་ཡང་ཡང་དྲན་སྐུལ་བྱ་རྒྱུ་དང་། རིམ་པས་སློབ་གྲྭ་ཁག་གི་ནང་རྒྱལ་ཁབ་ཀྱི་འཐབ་རྩོད་དང་འབྲེལ་བའི་ལོ་རྒྱུས་སོགས་སློབ་འཁྲིད་གནང་རྒྱུ། སློབ་དེབ་ནང་ལོ་རྒྱུས་ཁ་བསྐོང་བྱེད་དགོས་པ། འཐབ་རྩོད་དང་འབྲེལ་བའི་གལ་ཆེའི་མི་སྣ་སོགས་གདན་ཞུས་ཀྱིས་སློབ་གྲྭ་ཁག་ཏུ་གཏམ་བཤད་ཀྱི་ལས་རིམ་གོ་སྒྲིག་དང་། ཁོང་རྣམས་མཇལ་འཕྲད་དང་། ལོ་རྒྱུས་ཀྱི་མི་སྣའི་འགྲེམས་སྟོན་སོགས་ཀྱི་ཐོག་ནས་ངོ་སྤྲོད་སོགས་ངེས་པར་དུ་གནང་དགོས། ཆུ་སྒང་སྒྲིག་འཛུགས་ཀྱི་ལོ་རྒྱུས་ནི་བོད་མིའི་འཐབ་རྩོད་དང་འབྲེལ་བ་ཡོད་པ། མི་རིགས་ལ་འདུ་ཤེས་དང་། རྒྱལ་ཞེན་གྱི་ལོ་རྒྱུས་གལ་ཆེན་ཞིག་ཡིན་སྟབས། ངེས་པར་དུ་སློབ་གྲྭ་ཁག་གི་སློབ་དེབ་ནང་ཁ་བསྐོང་དགོས་པ་གལ་ཆེན་པོ་ཡིན་པ་དང་། མུ་མཐུད་པར་རིས་དེབ་དང་། འགྲེམས་སྟོན་སོགས་ཀྱི་ཐོག་ནས་ངོ་སྤྲོད་གནང་དགོས་པ་ཤིན་ཏུ་གལ་ཆེན་པོ་ཆགས་ཀྱི་འདུག ཇི་ཙམ་གྱིས་བོད་མི་རིགས་ཀྱི་འདུ་ཤེས་གནས་ཚེ་དེ་ཙམ་གྱིས་བོད་རྒྱལ་ཁབ་ཀྱི་འཐབ་རྩོད་རྒྱུན་གནས་བྱེད་ཐུབ་ཀྱི་རེད།
དེ་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པའི་ངོས་ནས་བཙན་བྱོལ་ནང་འཛིན་རིམ་བཅུ་གཉིས་ཐོན་མཁན་གྱི་སློབ་ཕྲུག་བོད་ཡིག་ཡིག་རྒྱུགས་རྩེ་ཕུད་སོན་མཁན་ལ་ ༼ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་གཟེངས་རྟགས།༽ ཞེས་པ་འབུལ་རྒྱུའི་ལམ་སྲོལ་ཡོད་པ་དང་། གཞན་ཡང་མཐོ་སློབ་འགྲིམ་མཁན་བོད་པའི་སློབ་ཕྲུག་གང་ཙམ་ཞིག་ལ་སློབ་ཡོན་གྱི་ཚུལ་དུ་དངུལ་གང་ཙམ་རེ་འབུལ་གྱི་ཡོད་པ་དེ་རྣམས་ནི། བོད་མི་རིགས་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཡོང་རྒྱུར་ཞབས་འདེགས་དང་བྱས་རྗེས་ཆེན་པོ་འཇོག་གི་ཡོད་རེད་བསམ་གྱི་འདུག

གཞན་ཡང་། རྒན་ཁོག་ལྟ་སྐྱོང་ཐད་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པའི་ངོས་ནས་རྒན་གསོ་ཁང་གི་བོད་པའི་མི་རབས་རྒན་པ་རྣམས་ལ་ལྟ་སྐྱོང་བྱེད་སྲོལ་ཡོད་པ་ནང་བཞིན། ད་བར་མི་རབས་རྒན་པ་རྣམས་ལ་འཚོ་སྣོན་དང་། འཕྲོད་བསྟེན། མཐུན་རྐྱེན་སྦྱར་ཕྱོགས་སོགས་ཀྱི་ཐད་ལ་ད་ལྟའི་བར་དུ་ཞབས་ཕྱི་ཚད་མཐོན་པོ་ཞུས་ཐུབ་པ་བྱུང་ཡོད་པ་བཅས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།
མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ཉིན་གྲངས་གསུམ་རིང་གི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༥༢ པའི་ཚོགས་འདུ་དང་། སྤྱི་ཡོངས་ཀྱི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། བོད་རྒྱལ་ལོ། ཐུགས་རྗེ་ཆེ། ཞེས་གསུངས་གནང་འདུག

