
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༢ ཉིན་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་བཞུགས་སྒར་དྷ་རམ་ས་ལ་ནས་ལྡི་ལིའི་གནམ་ཐང་བརྒྱུད་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་ཕེབས་འབྱོར་བྱུང་བ་དང་། ཕྱི་ཚེས་ ༣ དང་ ༤ བཅས་ཉིན་གྲངས་གཉིས་རིང་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་སྒར་ཆགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་སྟོན་མཛད་སྒོའི་ཐོག་མཉམ་ཞུགས་གནང་སྟེ། མཛད་སྒོའི་ཉིན་གཉིས་པར་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་གསུང་བཤད་གནང་ཡོད་པ་རེད།
སྐབས་དེའི་མཛད་སྒོའི་ཐོག་བླ་མ་ནམ་མཁའ་རིན་པོ་ཆེ་དབུ་བཞུགས་ཐོག་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇིཏ་ ཀུ་མར་ (Shri Sujeet Kumar) མཆོག་གིས་གཙོས་པའི་ས་གནས་རྒྱ་གར་གྱི་དཔོན་རིགས་མང་པོ་ཞིག་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཚེ་རིང་གཡུ་སྒྲོན་ལགས། མན་སྤར་ཕན་བདེ་གླིང་ས་གནས་འགོ་འཛིན་ཚེ་དབང་དབྱངས་མཚོ་ལགས་སོགས་ཕེབས་གནང་ཡོད་འདུག
ཕྱི་དྲོ་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ནས་སེར་བྱེས་བདེ་ཆེན་ཆོས་འཕེལ་གླིང་དང་། ཨོ་རྒྱན་ཐེག་མཆོག་ཆོས་འཁོར་གླིང་། སྔ་འགྱུར་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པ་བཅས་སུ་རིམ་པས་མཆོད་མཇལ་དུ་ཕེབས་གནང་ཡོད།
ཕྱི་ཚེས་ ༥ ཞོགས་པར་ནམ་མཁའ་ཁྱུང་རྫོང་དགོན་པར་མཆོད་མཇལ་དུ་ཕེབས་རྗེས། ཕྱིར་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལིར་ཕེབས་གནང་རྒྱུ་ཡིན་པ་བཅས། །