༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༩ ཉིན་ཨ་རིར་བཅའ་བཞུགས་ཧཱར་མོ་ནི་ཁཱ་ (Harmonica) ཚོགས་པའི་ཚོགས་གཙོ་ཀེ་ཊི་སེ་གར་ (Katy Saegar) ལགས་ཀྱི་སྣེ་ཁྲིད་འོག་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་ཆེད་བཅར་དད་ལྡན་ཆོས་ཞུ་བ་ཁག་ཅིག་དང་ལྷན་དུ་སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་། མཁས་དབང་རོ་བྷཌ་ཐུར་མན་ (Dr. Robert Thurman) ལགས། དགེ་བཤེས་རྒྱལ་མཚན་རྡོ་རྗེ་ལགས་བཅས་བཞུགས་སྒར་དྷ་རམ་ས་ལར་༸གོང་ས་མཆོག་མཇའ་ཁ་དང་གསུང་ཆོས་ཞུ་བར་ཕེབས་དང་བསྟུན། དེ་ཉིན་ཕྱི་དྲོའི་ཚོུད་ ༦ པའི་ཐོག་ཧཱར་མོ་ནི་ཁཱ་ཚོགས་པའི་རོགས་དངུལ་མཐུན་འགྱུར་འོག་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་གཉེར་བ་རྣམས་ཀྱི་འཕྲོད་བསྟེན་ལ་དམིགས་ཏེ་འཐུང་ཆུ་གཙང་སེལ་འཕྲུལ་འཁོར་གསར་ཉོ་ཞལ་འདེབས་གནང་བར་དབུ་འབྱེད་ཞུས་པ་དང་སྦྲགས། བོད་ཀྱི་ཟློས་གར་སྒྱུ་རྩལ་ཚོགས་ཁང་དུ་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུས་གནང་སོང་།
མཛད་སྒོའི་ཐོག་ཧཱར་མོ་ནི་ཁཱ་ཚོགས་པའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དྲུང་ཆེ་དྲུང་འཕར། དེ་བཞིན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་དང་སྐུ་མགྲོན་གཞན་ཁག་ཅིག་གདན་ཞུ་གནང་སོང་། མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་འཚམས་འདྲི་ཞུས་པ་དང་། ཧཱར་མོ་ནི་ཁཱ་ཚོགས་པའི་ངོས་ནས་སྔ་རྗེས་སུ་བོད་ཀྱི་ཟློས་གར་ཚོགས་པའི་ལས་དོན་གོང་སྤེལ་ཡོང་རྒྱུར་དམིགས་ཏེ་དཔལ་འབྱོར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། དེ་བཞིན་༸སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་གོང་མཐོར་ཡོང་སླད་ཕྱི་རྒྱལ་ཡུལ་གྲུ་ཁག་དང་སློབ་གྲྭ་ཆེན་མོའི་ནང་ཞབས་འདེགས་སྒྲུབ་མུས་དང་། ལྷག་དོན་ལོ་མང་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་བསྒྱུར་དང་འབྲེལ་ཕྱག་དེབ་མང་པོ་ཕབ་བསྒྱུར་ཞུ་རྒྱུའི་ཞབས་ཞུ་བསྒྲུབས་གནང་བར་བསྔགས་བརྗོད་ཞུས་སོང་ལ། བོད་ཀྱི་ཟློས་གར་སྒྱུ་རྩལ་སློབ་གཉེར་ཁང་འདི་ཡང་ངོས་འཛིན་ཡོད་པའི་སྒྱུ་རྩལ་སློབ་ཆེན་ཞིག་ཏུ་ཡོང་རྒྱུར་སྔ་ཕྱི་བར་གསུམ་དུ་སློབ་སྟོན་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་སོང་།
དེ་རྗེས་དགེ་བཤེས་རྡོ་རྗེ་རྒྱལ་མཚན་ལགས་ནས་རྗེ་ཙོང་ཁ་བའི་སློབ་ཡོན་བྱུང་རིམ་དང་དགོས་དམིགས། དེའི་གྲུབ་འབྲས་སོགས་ངོ་སྤྲོད་གནང་བ་དང་། སློབ་ཡོན་མཐུན་འགྱུར་གནང་མཁན་ཧཱར་མོ་ནི་ཁཱ་ཚོགས་པའི་ཚོགས་གཙོ་དང་སྦྱིན་བདག་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང། སླད་ཕྱིན་ཀྱང་མུ་མཐུད་སློབ་ཡོན་མཐུན་འགྱུར་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུས་གནང་སོང་། དེ་བཞིན་ཚོགས་པའི་ཚོགས་གཙོ་ཀེ་ཊི་ལགས་ནས་བོད་ཀྱི་ཟློས་གར་ཚོགས་པར་འཐུང་ཆུ་གཙང་སེལ་འཕྲུལ་འཁོར་གསར་ཉོའི་ཐད་དཔལ་འབྱོར་མཐུན་འགྱུར་ཕྲན་བུ་ཞུ་ཐུབ་པ་བྱུང་ཞིང། རྗེ་ཙོང་ཁ་པའི་སློབ་ཡོན་ལའང་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་དགེ་བཤེས་རྡོ་རྗེ་རྒྱལ་མཚན་ལགས་རྣམ་གཉིས་ནས་ཞབས་བསྐུལ་གནང་དོན་ལྟར་རོགས་སྐྱོར་ཕྲན་བུ་གནང་རྒྱུ་བྱུང་བ་ལ་དགའ་ཚོར་ཆེན་པོ་བྱུང་བ་དང་། མུ་མཐུད་མཐུན་འགྱུར་གནང་རྒྱུར་འབད་བརྩོན་རྒྱུན་སྲིང་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
སྐབས་དེར་རྗེ་ཙོང་ཁ་པའི་སློབ་ཡོན་ཐོབ་མཁན་སློབ་མ་འགའ་ཤས་ཀྱིས་སློབ་ཡོན་དེས་རང་ཉིད་ཀྱི་མདུན་ལམ་དང་ཕུགས་བསམ་གྲུབ་རྒྱུའི་ཐད་ཕན་ཐོགས་ཇི་བྱུང་སྐོར་གྱི་བརྙན་ཐུང་ཚན་པ་ཞིག་གཟིགས་འབུལ་ཞུས་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་པ་རྣམས་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་ལེགས་པར་གཟིགས་འབུལ་ཞུས་གནང་སོང་། མཛད་སྒོ་གྲུབ་རྗེས་སྐུ་མགྲོན་རྣམས་ལ་དགོང་དྲོའི་གསོལ་སྟོན་རྒྱས་པ་ཞིག་འདེགས་འབུལ་ཞུས་ཏེ་དེ་ཉིན་གྱི་མཛད་སྒོ་ལེགས་པར་མཇུག་སྒྲིལ་སོང་། །