༄༅། །བེལ་ཇི་ཡམ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ཡུ་རོབ་གྲོས་ཚོགས་སུ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་ཐེངས་ ༦༦ པ་སྲུང་བརྩི་དང་བསྟུན་བོད་ཆེད་དུ་ཉིན་གཅིག་ཞེས་པའི་ལས་འགུལ་སྤེལ་ཡོད།
དེ་ཡང་ཡུབ་རོབ་གྲོས་ཚོགས་འཐུས་མི་རྣམས་ལ་ཡུ་རོབ་དང་བོད་ཀྱི་རྒྱལ་དར་གཉིས་ཀ་མཚོན་པའི་དཔུང་རྟགས་ཤིག་གྱོན་རྒྱུའི་འབོད་སྐུལ་ཞུས་ཡོད་པ་དང་། དཔུང་རྟགས་དེས་བོད་མི་དང་ཞི་བདེའི་སྒོ་ནས་རང་དབང་གི་འཐབ་རྩོད་ལ་རྒྱབ་སྐྱོར་མཚོན་གྱི་ཡོད་པ་རེད། སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ལ་བོད་མིའི་རང་དབང་སྒེར་ལངས་ཉིན་མོའི་གལ་གནད་དང་། དེ་ནི་བོད་མི་ཙམ་མ་ཟད་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱབ་སྐྱོར་བ་རྣམས་ལ་གལ་ཆེ་ཡིན་པའི་སྐོར་གསལ་བཤད་གནང་ཡོད།
ལས་འགུལ་དེའི་དམིགས་ཡུལ་ནི་བོད་ནང་གི་དཀའ་ངལ་ཐད་གོ་རྟོགས་སྤེལ་རྒྱུ་དང་། ས་ཁུལ་དེའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྒྱལ་སྤྱིའི་དོ་སྣང་སྤྲོད་ཐབས་བྱེད་རྒྱུ་དེ་ཡིན་འདུག དེ་བཞིན་ལས་འགུལ་དེས་རྒྱ་ནག་གི་དམ་བསྒྲགས་སྲིད་བྱུས་ལ་ངོ་རྒོལ་གྱི་ཚུལ་དུ་བོད་མི་ ༡༥༧ གྱིས་རང་ལུས་མེར་སྲེག་བཏང་སྐོར་དང་། དེ་དག་གི་དཀའ་སྡུག་སྐོར་ངོ་སྤྲོད་དང་འབྲེལ་བོད་ནང་རང་དབང་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕྱིར་ཕེབས་དགོས་པའི་འབོད་སྐུལ་ཞུས་ཡོད། དེར་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱབ་སྐྱོར་མཚོན་ཆེད་དུ་བདུན་ཕྲག་གཅིག་རིང་བོད་དང་ཡུ་རོབ་ཀྱི་དཔུང་རྟགས་དེ་སྤོབས་པ་ཆེན་པོས་གྱོན་ཏེ་བོད་ལ་རྒྱབ་སྐྱོར་ཡོད་པའི་བརྡ་ལན་གསལ་པོ་ཞིག་བསྟན་ཡོད།
གཞན་ཡང་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་བུ་རུ་ནོ་ཊོ་བྒེག་ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་སྦར་ནཌ་གུ་ཊ་ལགས། གྲོས་ཚོགས་འཐུས་མི་ལྕམ་ཝེ་རེ་ན་མེར་ཏེན་ལགས་བཅས་ཀྱིས་སྤྱི་ཚོགས་བརྒྱུད་ལམ་ཐོག་ནས་ཀྱང་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད།
བོད་ཆེད་དུ་ཉིན་གཅིག་ཅེས་པའི་ལས་འགུལ་དེས་ཡུ་རོབ་གྲོས་ཚོགས་ནང་དུ་བོད་དོན་གོ་རྟོགས་དང་། རྒྱབ་སྐྱོར་ཤུགས་ཆེར་གཏོང་བར་ཕན་ཐོགས་ཡོད་པ་མ་ཟད། ཡུ་རོབ་སྤྱི་མཐུན་ཚོགས་པས་བོད་མི་ཚོའི་རང་དབང་དང་ཆེ་མཐོང་གི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུའི་བརྡ་ལན་ཤུགས་ཆེན་ཞིག་བཏང་ཡོད་པ་བཅས།།