༄༅། །ཀཱསི་ཊར་ལི་གྲོང་སྡེའི་སྤྱི་ཁྱབ་པ་ཝཱརྜ་ཀེ་ནེ་སི་ (Ward Kennes) ལགས་ཀྱི་མགྲོན་འབོད་ལྟར། ཡུ་རོབ་བོད་དོན་ཞུ་གཏུག་གི་འབྲེལ་མཐུད་པ་དྲུང་ལས་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་སྦར་སིལ་སྐུ་ཚབ་དོན་ཁང་གི་ཚབ་ཞུས་ཏེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ ཉིན་མོར་གྲོང་ཁྱེར་གྱི་ཚོགས་ཁང་གི་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོར་མཉམ་ཞུགས་གནང་ཡོད།
དེ་ཡང་ཡུ་རོབ་བོད་དོན་ཞུ་གཏུག་གི་འབྲེལ་མཐུད་པ་དྲུང་ལས་བསྟན་འཛིན་ཕུན་ཚོགས་ལགས་ཕེབས་འབྱོར་སྐབས་གྲོང་སྡེའི་སྤྱི་ཁྱབ་པ་དང་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཁོང་ལ་དགའ་བསུའི་སྣེ་ལེན་ཞུས་གནང་བ་དང་། བོད་དང་བོད་མི་རྣམས་ལ་རྒྱབ་སྐྱོར་གཡོ་མེད་གནང་རྒྱུའི་ཁས་ལེན་གནང་ཡོད།
བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་གྲོང་སྡེའི་སྤྱི་ཁྱབ་པ་དང་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་དར་དང་། བོད་དང་ཡུ་རོབ་འབྲེལ་མཐུད་ཀྱི་དཔུང་རྟགས་ཕུལ་ཏེ་བོད་དང་ཀཱསི་ཊར་ལི་དབར་གྱི་མཛའ་བརྩེ་ཡུན་གནས་ཐུབ་པ་མཚོན་ཡོད། དེ་བཞིན་ཁོང་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་བ་དང་། ད་ལྟ་འབྱུང་བཞིན་པའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཐབས་ལམ་ཁག་ཀྱང་གྲོས་བསྡུར་གནང་ཡོད། གཞན་ཡང་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་གྲངས་ ༩༠ འཁོར་བའི་དུས་དྲན་དེ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་སླད་བོད་མིའི་སྒྲིག་འཛུགས་ཀྱི་འཆར་གཞི་སྐོར་ངོ་སྤྲོད་གནང་བ་དང་། འཆར་འགོད་བྱས་པའི་དུས་དྲན་མཛད་སྒོ་ཁག་ཏུ་ཚོགས་འདུ་དང་འགྲེམས་སྟོན། གློག་བརྙན་སོགས་ཀྱི་མཛད་རིམ་ཁག་ཚུད་ཡོད་པ་དང་། གྲོང་སྡེའི་སྤྱི་ཁྱབ་པས་ཀཱསི་ཊར་ལི་རུ་དེ་འདྲའི་མཛད་སྒོ་ཞིག་གོ་སྒྲིག་གནང་རྒྱུ་དང་ཞེན་གནང་ཡོད།
བོད་ཀྱི་རྒྱལ་དར་སྒྲེང་འཛུགས་མཛད་སྒོ་དེ་སྐར་མ་ ༤༥ ཙམ་རིང་འཚོགས་ཤིང་། བོད་ཀྱི་མ་འོངས་མདུན་ལམ་སྐོར་དོན་སྙིང་ལྡན་པའི་བསམ་ཚུལ་བརྗེ་ལེན་གནང་ཐུབ་པ་བྱུང་ཡོད། བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱི་ཚབ་ཞུས་ཏེ་གྲོང་སྡེའི་སྤྱི་ཁྱབ་པ་དང་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཛད་སྒོར་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་བཞིན་བོད་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་ཕུལ་བ་དང་། བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་ཁང་དུ་མགྲོན་འབོད་ཀྱང་ཞུས་ཡོད།
ཀཱསི་ཊར་ལི་ནི་བེལ་ཇི་ཡམ་གྱི་ཨན་ཊི་ཝརྤ་ (Antwerp) རྫོང་ཁོངས་ཀྱི་གྲོང་ཚོ་ཞིག་ཡིན་ཞིང་། དེའི་ནང་ཀཱསི་ཊར་ལི་དང་ལི་ཆི་ཏཱརྚ། ཏི་ལེན་བཅས་ཀྱི་གྲོང་ཚོ་རྣམས་ཚུད་ཡོད། དེར་མི་འབོར་ ༡༩,༠༥༢ ཡོད་ཅིང་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༧༡.༥༦ ཆགས་ཡོད། ཕྱི་ལོ་ ༢༠༡༠ ནས་བཟུང་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་གྲོང་ཁྱེར་གྱི་ཚོགས་ཁང་གི་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བཞིན་ཡོད་པ་བཅས།།