༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༠ ཉིན་བེལ་ཇི་ཡམ་ནང་ཡོད་པའི་བོད་མི་ཚོས་སྦར་སེལ་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འདུ་འཛོམས་ཀྱིས་བོད་མིའི་སྒེར་ལངས་ཉིན་མོའི་དུས་དྲན་ཐེངས་ ༦༦ སྲུང་བརྩི་ཞུས་ཡོད།
དེ་ཡང་མཛད་སྒོ་འདི་ནི་སྦར་སེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་མི་སྤྱི་མཐུན་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་རླུང་རྟ་དང་ལྷན་དུ་གོ་སྒྲིག་གནང་ཡོད། ཐོག་མར་སྦར་སེལ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྲིད་བྱུས་དང་ཞུ་གཏུག་འགན་འཛིན་ལྕམ་མ་ལེ་ནི་ཡ་ལགས་ཀྱིས་དབུ་འབྱེད་གསུང་བཤད་གནང་གྲུབ་མཚམས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་བ་དང་། བོད་ཀྱི་རང་དབང་དང་དྲང་བདེན་གྱི་འཐབ་རྩོད་ནང་སྐུ་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ལ་གུས་འདུད་ཞུ་ཆེད་སྐར་མ་གཅིག་རིང་མྱ་ངན་ངག་བཅད་ཞུས།
དེ་ནས་བེལ་ཇི་ཡམ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ཀྱིས་བཀའ་ཤག་སྐབས་ ༡༦ པའི་གསུང་བཤད་སྒྲོགས་སྦྱང་གནང་བ་དང་འབྲེལ་ཚོགས་བཅར་བ་ཡོངས་ལ་བོད་ཀྱི་ལོ་རྒྱུས་ནང་གི་གལ་ཆེའི་ཉིན་མོ་འདི་སྲུང་བརྩི་ཞུ་ཆེད་མཉམ་ཞུགས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་བཞིན་མི་མང་ནས་གསུམ་བཅུའི་དྲན་གླུ་དང་། ལོངས་ཤོག་གླུ་དབྱངས་བླངས།
གཞུང་འབྲེལ་མཛད་སྒོའི་རྗེས་སུ་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ཆུ་ཚོད་གཅིག་ཙམ་རིང་ཞི་བའི་ངོ་རྒོལ་གནང་ཡོད། མཛད་སྒོའི་མཐར་བེལ་ཇི་ཡམ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ཀྱིས་གསུང་བཤད་གནང་སྟེ་མཇུག་སྒྲིལ་གནང་བ་དང་། སྐབས་དེར་སྐུ་ཚབ་དོན་ཁང་གི་རྩིས་པ་བསྟན་འཛིན་ནོར་ལྡན་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།