༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གཉིས་པ་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། གཞན་ཡང་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་པདྨ་ལགས་ནས་ཕེབས་བསུ་དང་སྦྲགས། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་གསར་པ་དྷ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་ངག་དབང་ལྷ་མོ་ལགས་ངོ་སྤྲོད་གནང་རྗེས་ལས་རིམ་ཁག་ངོ་སྤྲོད་གནང་ཡོད།
དེ་ནས་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷན་རྡོར་ལགས་ཀྱིས་ཤེས་ཡོན་གྱི་གལ་གནད་ནི་སློབ་གྲྭ་ཙམ་མ་ཡིན་པར་མང་ཚོགས་སུ་ཁྱབ་སྤེལ་བྱེད་དགོས་གལ་ཡིན་པ་དང་། ཤེས་ཡོན་ཅན་དང་ཤེས་ཡོན་མེད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་གང་ཅིའི་ཐོག་ནས་གནས་སྟངས་གང་འདྲ་ཡོད་མེད་ཐོག་དོ་སྣང་བྱེད་དགོས་གལ་ཡིན་པ། ལྷག་པར་ད་ལྟའི་ང་ཚོའི་གནས་སྟངས་སྐབས་སུ་ཤེས་ཡོན་མེད་ཚེ་རྒྱལ་ཁབ་གཞན་ནས་རོགས་སྐྱོར་བྱས་ཀྱང་ཁུངས་སྐྱེལ་ཐབས་མེད་ཅེས་ཤེས་ཡོན་གྱི་གལ་གནད་སྐོར་གསུང་བཤད་གནང་། དེ་བཞིན་ཁོང་གིས་སྤྱིར་ཤེས་ཡོན་ཞེས་པ་དེ་གང་འདྲ་ཞིག་ལ་གོ་དགོས་མིན་སྐོར་གསུང་སྐབས་སྦྱང་པ་དང་། སྦྱོང་བརྡར། ཤེས་ཡོན་གསུམ་གྱི་ཁྱད་པར་སྒོ་ནས་ཤེས་ཡོན་གྱི་གོ་དོན་རྒྱ་ཆེན་པོ་ཡིན་སྐོར་གསལ་སྟོན་གནང་ཡོད། གཞན་ཡང་སློབ་ཕྲུག་རྣམས་སློབ་སྦྱོང་ཡག་པོ་ཡོང་བར་དེའི་འཛིན་སྐྱོང་དང་། འགོ་ཁྲིད། དེ་བཞིན་དགེ་རྒན་རྣམས་སློབ་སྦྱོང་ལྡན་པ་ཞིག་དགོས་གལ་དང་འབྲེལ་འགོ་ཁྲིད་དང་དགེ་རྒན་གྱི་རྒྱུད་ལ་བརྩེ་སེམས་དང་། དྲང་བདེན་གོང་འཕེལ་གཏོང་དགོས་པ་གསུངས།
དེ་རྗེས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་འགན་དེ་གཙོ་བོ་རྒྱ་གར་ནང་དུ་ཡོད་པའི་ཤེས་ཡོན་བསྟི་གནས་ཁག་བཞི་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཟའ་མཇུག་སློབ་གྲྭ་རྣམས་ཀྱི་བོད་ཡིག་སློབ་སྦྱོང་ཐད་མཐུན་འགྱུར་གནང་རྒྱུ་ཆགས་ཡོད། དེ་བཞིན་ཤེས་རིག་ལས་ཁུངས་ནས་རྒྱ་གར་དབུས་གཞུང་ཤེས་རིག་ལས་ཁུངས་ལ་ཕྱི་ལོ་ ༢༠༢༢ ནས་བཟུང་ད་བར་མུ་མཐུད་དེ་འབྲེལ་བ་བཟང་པོ་བསྐྲུན་ཐུབ་ཡོད་སྐོར་འགྲེལ་བརྗོད་གནང་རྗེས་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་འགྲོ་བཞིན་པ་ཁག་ངོ་སྤྲོད་མདོར་ཙམ་གནང་།
དེ་མཚུངས་ཤེས་རིག་བཀའ་བློན་མཆོག་གིས་ཉེ་ལམ་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་བསྟི་གནས་ཁང་ཁག་ལ་བཀོད་ཁྱབ་ཅིག་གནང་ཡོད་པའི་ནང་ཐོག་མར་འཛིན་སྐྱོང་ནས་སློབ་གྲྭའི་ཁོར་ཡོག་ཡག་པོ་ཞིག་བསྐྲུན་དགོས་པ་དང་། དགེ་ལས་སློབ་ཕྲུག་རྣམས་ལ་བླང་དོར་སྒྲིག་གཞི་ངོ་སྤྲོད་གནང་དགོས་པ། དཀའ་ངལ་འཕྲད་ཚེ་གང་མྱུར་སེལ་དགོས་པ་བཅས་ལས་འགན་ཡིན་ཞེས་གསལ་སྟོན་གནང་ཡོད་པ་གསུངས།
དེ་བཞིན་ཕྱི་ལོ་ ༢༠༢༥ ནང་དྷ་སྟེང་བོད་ཁྱིམ་དང་། མ་སུ་རི། སཾ་བྷོ་ཊའི་ནང་དུ་གཟིགས་སྐོར་གནང་རྒྱུ་དང་། དེ་དག་གི་རྩེ་འཕུད་དགེ་རྒན་རྣམས་ལོགས་སུ་ཚོགས་ཆུང་ཞིག་བཙུགས་ཏེ་འཛིན་གྲྭའི་ནང་གི་སློབ་ཁྲིད་གནང་སྟངས་ཚད་ལྡན་ཡོད་མེད་སོགས་ཀྱི་ཐོག་ནན་པོ་གནང་རྒྱུ་དེ་གནད་འགག་ཆེན་པོ་ཆགས་ཡོད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཟའ་མཇུག་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་གནང་ཕྱོགས་ཐད་ཞིབ་འཇུག་དང་གཟིགས་སྐོར་ཕེབས་དགོས་གལ་ཡིན་པ་བཅས་གསུངས།
དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ཉེ་ལམ་ཕྱི་ཟླ་ ༠༢ ཚེས་ ༢༧ ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་དང་། ཨ་རིའི་རོགས་སྐྱོར་གྱི་འགན་འཛིན་མཆོག་ལ་ཨ་རིའི་རོགས་དངུལ་དང་འབྲེལ་བའི་ཕྱག་བྲིས་ཤིག་ཕུལ་བ་དེར་ཕྱི་ཟླ་ ༠༣ ཚེས་ ༡༠ དགོང་མོར་ཡིག་ལན་འབྱོར་ཡོད། དེ་ཡང་ཨ་རིའི་ཕྱི་སྲིད་བློན་ཆེན་ཞིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་གོ་གནས་ངོས་འཛིན་ཐོག་ཡིག་ལན་གནང་བའི་ནང་ཨ་རིའི་སྲིད་གཞུང་ནས་བོད་དོན་ཐོག་གི་སྲིད་བྱུས་ལ་འགྱུར་བ་མེད་ཅེས་ནན་བརྗོད་གནང་བ་དང་སྦྲགས། རོགས་དངུལ་དང་འབྲེལ་བའི་ཐོག་ད་ལྟའི་དུས་སྐབས་སུ་བསྐྱར་ཞིབ་འགྲོ་བཞིན་ཡོད་ཅེས་འཁོད་ཡོད་པ་གསུངས། མ་ཟད་ཉེ་ཆར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་བགྲེས་པ་ཞིག་གིས་ལོ་གསར་གྱི་འཚམས་འདྲིའི་ནང་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དེ་ཨ་རིའི་ཁེ་ཕན་དང་འབྲེལ་བ་ཆགས་ཡོད་ཅེས་བཀོད་ཡོད། དེར་བརྟེན་ང་ཚོའི་ངོས་ནས་ད་ལྟའི་ཆར་ཨ་རིའི་རོགས་དངུལ་བསྐྱར་གསོ་ཡོང་བར་ཐབས་ཤེས་གང་ཐུབ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཤེས་ཡོན་ལྷན་ཚོགས་དང་འབྲེལ་བའི་ཐོག་གསུང་བཤད་གནང་སྐབས་ཕྲུ་གུའི་མི་ཚེ་མདུན་ལམ་ཆེད་སྲིད་བྱུས་འཛིན་དགོས་པའི་གལ་གནད་སྐོར་དང་། དེང་སྐབས་སྤྱི་ཚོགས་ཁ་ཐོར་བའི་དུས་སུ་བོད་མི་རྣམས་རྒྱལ་ཁབ་མང་པོའི་ནང་གནས་སྡོད་བྱེད་བཞིན་ཡོད་སྟབས། ཤེས་རིག་ལས་ཁུངས་ནས་ཐུགས་འགན་བཞེས་ཏེ་གཟའ་མཇུག་སློབ་གྲྭར་མཐུན་འགྱུར་གནང་བ་དེར་རྟོགས་ཞིབ་ནན་པོ་གནང་དགོས་གལ། དེ་བཞིན་སློབ་གྲྭའི་འགོ་ཁྲིད་ངོས་ནས་དེབ་སྐྱེལ་ཡིག་ཆ་རྣམས་བདག་གཉེར་བྱ་རྒྱུ་དང་ལྷན་ས་ཆའི་བདག་དབང་སྲུང་སྐྱོབ་དང་དོ་སྣང་དགོས་གལ་སྐོར་ནན་བརྗོད་གནང་ཡོད། མཐར་ཁོང་གིས་ཕྲུ་གུར་ཤེས་ཡོན་སྤྲོད་རྒྱུ་དེ་མི་ཚེ་མདུན་ལམ་བཟོ་ཐུབ་པ་དང་། དེ་ཡང་འཚོ་བ་སྐྱེལ་རྒྱུ་ཙམ་མ་ཡིན་པར་གཞན་ལ་ཕན་པ་བྱེད་ཐུབ་པའི་བསམ་པ་ཞིག་བསྐྲུན་རྒྱུ་དེ་གལ་ཆེ་ཤོས་ཡིན་སྐོར་གསུངས་ཡོད།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གཉིས་པའི་ཐོག་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་དང་། ཤེས་ལྷན་འགན་འཛིན་ཤེས་རིག་དྲུང་འཕར་བསྟན་འཛིན་པདྨ་ལགས། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས། མ་སུ་རི་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་འབུམ་རམས་པ་པ་སངས་དོན་གྲུབ་ལགས། སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས། དྷ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་ངག་དབང་ལྷ་མོ་ལགས། བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལྷག་པ་ཚེ་རིང་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། སྒང་ཏོག་དཔལ་ཁང་སློབ་གཉེར་ཁང་གི་སློབ་སྤྱི་སྤྱི་ཟུར་ཉི་མ་དོན་གྲུབ་ལགས་བཅས་ལྷན་ཞུགས་གནང་ཡོད་པ་བཅས།།