༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགོད་འབྲེལ་མཐུད་ཚན་པའི་གོ་སྒྲིག་འོག་དྷ་རམ་ས་ལའི་རོ་ཡལ་ཀ་སལ་ (Hotel Royal Castle) ཞེས་པའི་གསོལ་མགྲོན་ཁང་དུ་ས་གནས་རྒྱ་གར་དང་བོད་ཀྱི་གསར་འགྱུར་ལས་ཁང་ཁག་ཕན་ཚུན་འབྲེལ་ལམ་གོང་མཐོར་གཏང་རྒྱུ་དང་། བོད་དོན་དང་འབྲེལ་བའི་གནས་ཚུལ་གོ་རྟོགས་འགྲེམས་སྤེལ་ཡོང་སླད་གསར་ཁང་ཁག་གི་རྩོམ་སྒྲིག་པ་དང་། གསར་འགོད་པ་ལྷན་འཛོམས་ཀྱི་གུང་ཚིགས་འདུ་འཛོམས་ཤིག་གོ་སྒྲིག་ཞུས་ཡོད།
དེ་ཡང་ས་གནས་གསར་ཁང་མི་འདྲ་བ་ ༣༠ ནས་རྒྱ་གར་བ་དང་བོད་མི་གསར་འགོད་པ་གྲངས་ ༧༠ ལྷག་ལྷན་ཞུགས་ཐོག་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་གསར་ཁང་གི་རྩོམ་སྒྲིག་པ་དང་གསར་འགོད་པ་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས། ད་བར་ས་གནས་གསར་ཁང་ཁག་གིས་བོད་དོན་དང་འབྲེལ་བའི་གནས་ཚུལ་རྒྱལ་སྤྱི་ནང་དུ་འགྲེམས་སྤེལ་གནང་བར་ཐུགས་རྗེ་ལེགས་འབུལ་དང་། སླད་མར་དེ་ལུགས་མུ་མཐུད་གནང་སྐྱོང་ཡོང་བའི་རེ་སྐུལ་གནང་ཡོད། དེ་བཞིན་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་སླེབས་ཏེ་མི་ལོ་ ༦༦ ཕྱིན་ཡོད་ཀྱང་རང་དབང་ལྡན་པའི་ཐོག་གནས་ཐུབ་པར་རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་ཧི་མཱ་ཅལ་མངའ་སྡེའི་གཞུང་ལ་ཐུགས་རྗེ་ཆེ་ཞུས་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་དང་། དྲིལ་བསྒྲགས་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། འཛིན་སྐྱོང་འགན་འཛིན་ཟུང་དྲུང་ངག་དབང་དགེ་ལེགས་ལགས་ཀྱང་ལྷན་ཞུགས་གནང་ཡོད་པ་བཅས།།