༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད། འདི་ཕྱི་གཉིས་ཀྱི་སྐྱབས་གནས། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་སྒོ་ནས་དེ་རིང་བྱམས་བརྩེའི་བདག་ཉིད་༸རྒྱལ་ཡུམ་ཆེན་མོ་བདེ་སྐྱིད་ཚེ་རིང་མཆོག་སྐུ་འཁྲུངས་པའི་ཉིན་མོ་དང་བསྟུན་ཕ་མའི་དུས་དྲན་སྲུང་བརྩི་ཞུ་ཡི་ཡོད་པ་བཞིན། མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱི་ལུས་ངག་ཡིད་གསུམ་གསོ་སྐྱོང་གནང་མཁན་ཕ་མ་ཡོངས་ལ་ཐོག་མར་ཕ་མའི་དུས་དྲན་ཉིན་མོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
འདས་པའི་ཕ་མའི་དུས་དྲན་ཉིན་མོའི་གཏམ་བཤད་ཁག་གི་ནང་ཕྲུ་གུ་ཚོའི་ཤེས་ཡོན་སློབ་གསོ་དང་། བཟང་སྤྱོད། འཕྲོད་བསྟེན། འཕྲུལ་རིག་བཀོལ་སྤྱོད་སྟངས་འཛིན། མཐུན་རྐྱེན་སྦྱོར་སྤྲོད་ཞུ་ཕྱོགས། ཕ་མའི་ངོས་ནས་མིག་ལྟོས་བཟང་པོ་འཇོག་ཐབས། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གལ་གནད་བཅས་ཀྱི་སྐོར་གཙོ་བོར་བྱས་ནས་ཞུས་ཡོད་པ་དེ་དག་ཁྱིམ་བདག་ཕ་མ་ཚོས་དགོངས་པར་བཅངས་ཏེ་ཕྱག་བསྟར་རྒྱུན་མར་གནང་མུས་ཡིན་པའི་རེ་བ་ཞུ་ཡི་ཡོད།
ད་རིང་ཞུ་འདོད་ཡོད་པའི་གནད་དོན་གཙོ་བོ་གཅིག་ནི། རང་ཅག་གངས་ཅན་པ་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང༌། ལྷག་པར་དུ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། ཆོས་རིག་ལེགས་བྱང༌། ཡུལ་གོམས་གཤིས་ལུགས་སོགས་རྒྱུན་འཛིན་དར་སྤེལ་ཡོང་ཐབས་སུ་བོད་མིའི་འདུ་སྡོད་གཞིས་ཆགས་དང༌། དགོན་སྡེ་གྲྭ་ཚང༌། རིག་གཞུང་གི་བསྟི་གནས། གཏན་ཉིན་སློབ་གྲྭ་ཁག་བཅས་གསར་འཛུགས་བསྐྱངས་ཏེ་འཛམ་གླིང་ནང་གི་བཙན་བྱོལ་བ་གཞན་དང་མི་འདྲ་བའི་གནས་བབས་བཟང་པོ་འདི་ལྟ་བུ་ཆགས་ཐུབ་པ་ནི་མགོན་པོ་གང་ཉིད་ཀྱི་རླབས་ཆེན་གྱི་ཐུགས་བསྐྱེད་ཟབ་མོ་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། བོད་མི་ཚང་མས་དུས་དང་རྣམ་པ་ཀུན་ཏུ་༸རྒྱལ་བའི་བཀའ་དྲིན་སྙིང་བཅང་ཞུ་དགོས་པ་ཡིན།
གཉིས་པ། ཕ་མ་ཚོས་བུ་ཕྲུག་གསོ་སྐྱོང་གནང་སྐབས་གཤིས་སྤྱོད་རྩུབ་པོ་དང་དབང་ཤེད་དྲག་པོའི་སྒོ་ནས་མ་ཡིན་པར་ཕྲུ་གུའི་ལུས་ངག་གི་བྱ་སྤྱོད་དང༌། བསམ་བློའི་འཁྱེར་སོར་ཞིབ་འཇུག་མཐིལ་ཕྱིན་དང་འབྲེལ་གོ་བསྐོན་སློབ་གསོ་ཡང་ཡང་བསྐྱོན་དགོས་པ་དང༌། དེ་མིན་སློབ་གྲྭ་འགྲིམས་རྗེས་མཐོ་རིམ་སློབ་གྲྭ་ཁག་ཏུ་སྐྱོད་སྐབས་བསམ་བློའི་རང་དབང་སྤྱོད་དྲགས་པ་དང༌། རང་ཚུགས་མི་བརྟན་པ། སློབ་གྲོགས་ངན་པའི་ཤུགས་རྐྱེན་འོག་ཏུ་ ཚུད་ཅིང་ངན་པ་ལང་ཤོར་དུ་སོང་སྟེ་གཅུན་དཀའ་བའི་གནས་སུ་འགྱུར་ངེས་ལ་བརྟེན། དེ་ལྟ་བུའི་མཇུག་འབྲས་མི་ཡོང་ཆེད་ཆུ་མ་ཡོང་གོང་ནས་རགས་ཞེས་པའི་དཔེ་ལྟར་སྔོན་ཚུད་ནས་ཐུགས་སྣང་གནང་སྟེ་སློབ་སྟོན་གནང་རྒྱུ་ནི་ལས་འགན་གྱི་ནང་ནས་དང་པོ་ཡིན་པར་སེམས།
གསུམ་པ། ཕྲུ་གུའི་ཤེས་ཡོན་དང༌། ཀུན་སྤྱོད། འཕྲོད་བསྟེན་སོགས་ཀྱི་ཐད་དཀའ་ངལ་ཇི་འདྲ་ཞིག་ཕྲད་ཀྱང་ཐོག་མར་འབྲེལ་ཡོད་དགེ་རྒན་དང་ཕ་མའི་དབར་འབྲེལ་མཐུད་ཀྱིས་གོ་སྡུར་ལྷུག་པོར་གནང་སྟེ་དཀའ་ངལ་སེལ་ཐབས་གནང་དགོས་པ་དང༌། དེ་རྗེས་རིམ་པས་སློབ་གྲྭའི་སློབ་སྤྱིའམ་དགེ་ཆེར་སྙན་གསན་གྱིས་དཀའ་ངལ་རྣམས་ནར་འགྱངས་སུ་མི་ལུས་པར་དུས་ཐོག་སེལ་ཐབས་གནང་གལ་ཆེ་བ་དང་། དེ་བཞིན་ཕྲུ་གུའི་ཕྱོགས་ཡོངས་ཀྱི་འཚར་ལོངས་གོང་འཕེལ་ཡོང་རྒྱུར་ཕ་མ་དང་དགེ་རྒན་ཟུང་སྦྲེལ་གྱི་ཐོག་ནས་ལས་འགན་སྒྲུབ་ཐུབ་པ་གནང་རྒྱུ་ལས་དགེ་རྒན་རྐྱང་པས་བསྒྲུབ་རྒྱུ་ཁག་པོ་ཡིན་པས། ཕ་མ་དང་དགེ་རྒན་དབར་ཡིད་ཆེས་འཕེར་ངེས་ཐོག་ཕན་ཚུན་མཉམ་རུབ་ཀྱི་སྒོ་ནས་ལས་དོན་ལ་འཇུག་རྒྱུར་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད།
བཞི་པ། བུ་ཕྲུག་རྣམས་འཚར་ལོངས་བྱེད་བཞིན་པའི་གནས་སྐབས་སུ་ཟས་བཅུད་རྣམས་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པས། ཕ་མ་ཚོས་སོ་སོའི་འཁོས་དཔག་ལ་གཞིགས་པའི་ཕྲུ་གུའི་ཟས་བཅུད་ཐད་ཐུགས་སྣང་གནང་དགོས། ཕྲུ་གུར་ཟས་བཅུད་ཡག་པོ་གནང་ཐུབ་པ་ཡིན་ན་ཟས་བཅུད་ལྡེང་མིན་གྱི་རྐྱེན་པས་ནད་རིགས་མི་ཡོང་བར་མ་ཟད་ལུས་ཟུངས་མ་ལག་ཀྱང་གང་ལེགས་གནས་ཐུབ། ལུས་ཟུངས་མཁྲེགས་པོ་ཆགས་ཐུབ་པ་ཡིན་ན་ནད་རིགས་ལམ་སང་འགོ་མི་ཐུབ་པས་སོ་སོའི་སྐབས་བབ་རང་འཁྲིའི་སློབ་སྦྱོང་ཐོག་དོ་སྣང་ཚད་འཕེར་བྱེད་ཐུབ་པ་དང་། སློབ་སྦྱོང་སྦྱང་རྒྱུར་དཀའ་ངལ་ཉུང་བའི་ཁེ་ཕན་ཡོད། ལྷག་པར་དུ་ཕ་མ་ཚོས་ཕྲུ་གུས་དགོས་ལབ་ཚད་སྤྲོད་རྐྱང་གནང་ན་ཕན་ཐོགས་ཁྱོན་ནས་མེད། ཕ་མ་འགའ་ཤས་ཀྱིས་ཕྲུ་གུ་ལ་ལག་དངུལ་མང་པོ་སྤྲོད་པ་དང༌། གྱོན་གོས་དང་། སྤྱོད་བདེའི་ཁ་པར། ཚོང་རྟགས་གྲགས་ཅན་གྱི་ལྷམ་རིན་གོང་ཆེན་པོ་དེ་འདྲ་གཡོགས་ནས་ཕྲུ་ གུའི་འདོད་པ་སྐོང་ཐབས་བྱེད་ཀྱི་ཡོད་རེད། འོན་ཀྱང་འདོད་པ་ལ་མཐའ་མེད་སྟབས། ཇི་ཙམ་གྱིས་ཕྲུ་གུས་དགོས་ལབ་ཚད་སྤྲད་པ་དེ་ཙམ་གྱིས་ཕྲུ་གུས་སློང་སེམས་ཆེ་རུ་འགྲོ་ཡི་རེད། དེ་བས་ཕྲུ་གུའི་ཕུགས་དམིགས་དང་མཐུན་པའི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་མཐུན་རྐྱེན་རྒྱ་མི་ཆུང་བར་སྦྱོར་སྤྲོད་དང་། འཕྲོད་བསྟེན་ལ་ཕན་པའི་བཅུད་ལྡན་ཟས་རིགས་མཁོ་སྤྲོད་གནང་གལ་ཆེ་བ་ལས། བག་མེད་ལོངས་སྤྱོད་ལྟ་བུའི་གོམས་གཤིས་ངན་པ་མི་འཇགས་པ་གཙོ་འདོན་གནང་དགོས།
ལྔ་པ། བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང༌། བྱེ་བྲག་ཏུ་དཔལ་ནཱ་ལནྡྷའི་པཎ་གྲུབ་རྣམས་ལས་མཆེད་པའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ཟབ་མོའི་ནང་དོན་ཡོངས་སུ་རྫོགས་པ་སྟོན་ཐུབ་མཁན་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཁོ་ན་ལས་མེད་པས། རང་རེའི་ན་གཞོན་གཙོ་བོར་གྱུར་པའི་བོད་མི་སེར་སྐྱ་བགྲེས་གཞོན་ཚང་མས་རང་གི་མ་སྐད་ཐོག་སྦྱངས་བརྩོན་ལྷོད་མེད་གནང་སྐྱོང་ཡོང་བ་ཞུ་རྒྱུར་མ་ཟད། ཉིན་རེའི་འཚོ་བའི་ནང་ཕན་ཚུན་བཀའ་མོལ་གནང་སྐབས་སྐད་ཡིག་གཞན་གྱི་བསྲེ་ལྷད་མེད་པར་བོད་སྐད་གཙང་མ་བསྐྱོན་རྒྱུར་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན།
དྲུག་པ། ཕྲུ་གུ་ཚོར་ཕ་མའི་བྱ་སྤྱོད་བཟང་ངན་རྣམས་མིག་སྔར་ཡང་ཡང་མཐོང་གི་ཡོད་པའི་ཆ་ནས་སེམས་ནང་མང་བ་འཇགས་ཀྱི་ཡོད་སྟབས། ཕ་མའི་སྒོ་གསུམ་གྱི་སྤྱོད་པ་འཁྱེར་སྟངས་ནི་བསླབ་བྱ་གཙོ་བོ་ཆགས་ཀྱི་ཡོད་པས། ཕྲུ་གུར་བསླབ་བྱ་ཁོ་ན་བསྐྱོན་པ་ལས་ཕ་མ་རང་ཉིད་ཀྱི་ངོས་ནས་སྒོ་གསུམ་གྱི་སྤྱོད་ལམ་བཟང་པོ་ཞིག་ལག་བསྟར་གྱིས་མིག་དཔེ་སྟོན་ཐུབ་པ་ཡིན་ན་གྲུབ་འབྲས་གནད་དུ་སྨིན་པ་ཞིག་ཡོང་རྒྱུ་ངེས་པ་ཡིན། དེས་ན་ཕྲུ་ གུའི་སེམས་རྒྱུད་ལ་ཆུང་བྱིས་པའི་དུས་ནས་འཛམ་གླིང་གི་སྐྱེ་འགྲོ་སྤྱི་དང༌། ཡང་སྒོས་བོད་རྒྱ་ཆེ་མི་མང་ཆེད་གཞུང་སེམས་རྣམ་དག་གི་སྒོ་ནས་ཞབས་འདེགས་རླབས་པོ་ཆེ་སྒྲུབ་ཐུབ་པའི་ས་བོན་བསྐྲུན་དགོས་པ་དང༌། དེ་བཞིན་ཕྲུ་གུ་རང་རང་གི་རིག་སྟོབས་དང༌། འཇོན་ཐང་། བཟོ་རིག་ལག་རྩལ་སོགས་ཀྱི་ཤེས་རྒྱ་ལ་གཞིགས་ཏེ་མཐུན་རྐྱེན་མཁོ་སྤྲོད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
མཐའ་དོན། ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དབུས་པའི་རིས་མེད་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། གསང་གསུམ་གྱི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཤུགས་དྲག་དང་བཅས། ཤེས་རིག་བཀའ་བློན་ལྕང་ར་ཐར་ ལམ་སྒྲོལ་མས། ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༥ ཉིན།