༄༅། །ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་གཞི་རྒྱ་ཆེ་བའི་གསུམ་བཅུའི་དུས་དྲན་ལས་འགུལ་ཞིག་ནི་དར་ལེནྜ་གྲོང་ཁྱེར་ཧེག་ (Hague) ནང་དུ་ཡུ་རོབ་ཁུལ་གྱི་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་ ༣༠༠༠ ལྷག་ལྷན་འཛོམས་ཀྱིས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལམ་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ སྲུང་བརྩི་ཞུས་ཡོད།
རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་འདི་བཞིན་ནི་དར་ལེནྜ་ (Netherlands) བོད་རིགས་ཚོགས་པ་གཙོས་པའི་ཡུ་རོབ་ནང་གི་བོད་རིགས་ཚོགས་པ་ཁག་དང་། ནི་དར་ལེནྜ་བོད་དོན་རྒྱབ་སྐྱོར་ཚོགས་པ། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། དང་བླངས་བོད་དོན་ཞུ་གཏུག་ཚོགས་པ་བཅས་ནས་གོ་སྒྲིག་གནང་འདུག་ཅིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་དང་། སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། ཡུ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། ནི་དར་ལེནྜ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇན་པཱ་ཊར་ནོ་ཊི་ (Jan Paternotte) ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨི་ས་ཁ་ར་མན་ (Isa Kahraman) ལགས་བཅས་ཕེབས་ཞུགས་ཀྱིས་གསུང་བཤད་གནང་ཡོད།
འདི་ལོའི་རྔམ་སྟོོན་ཁྲོམ་སྐོར་གྱི་ལས་འགུལ་ཐོག་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་རི་ཅཊ་གྷི་རི་(Richard Gere) ལགས་དང་། ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་ཟུར་པ་སྐུ་ཞབས་ཨི་ནིས་ཀེན་ཊར་ཕྲྀ་ཊོམ་ (Enes Kanter Freedom) ལགས། ནི་དར་ལེནྜ་གྲོས་ཚོགས་འཐུས་མི་ཟུར་པ་ཨེ་རི་ཁ་ཊར་པི་སི་ཊ་ར (Erica Terpstra) ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ཀྱང་མཉམ་ཞུགས་གནང་ཡོད།
སྐབས་དེར་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དེང་གི་ཆར་རྒྱ་ནག་ནི་ཡུ་རོབ་ཀྱི་ཞི་བདེ་དང་བདེ་འཇགས་ལ་ཉེན་ཁ་ཞིག་གྱུར་ཡོད་སྐོར་གསུང་ཞིང་། ནམ་ཞིག་རྒྱ་ནག་ནང་དུ་བཟང་ཕྱོགས་ཀྱི་འགྱུར་མ་འགྲོ་བར་དུ་རྒྱ་ནག་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགན་འཁུར་ལྡན་པའི་ཆ་ཤས་ཤིག་ཏུ་གྱུར་བའི་རེ་བ་མེད་ལ། ཡུ་རོབ་ལའང་རྒྱ་ནག་གིས་བཟོས་པའི་ཉེན་ཁ་ལས་གྲོལ་ཐབས་མེད་སྐོར་གསལ་སྟོན་གནང་འདུག གཞན་ཡང་འདུ་འཛོམས་ཐོག་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ལས་འགུལ་དེར་ཕེབས་མ་ཐུབ་པའི་གནས་སྟངས་གསལ་བཤད་གནང་། དེ་རྗེས་བོད་མིའི་སྒྲིག་འཛུགས་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོོན་ཆེན་པོ་མཆོག་གི་དགོངས་གཞི་འོག་འཚེ་མེད་ཞི་བའི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་ཐོག་འབད་འབུངས་མུ་མཐུད་གནང་རྒྱུ་ཡིན་སྐོར་བསྐྱར་ནན་དང་སྦྲགས། ཡུ་རོབ་མཐུན་ཚོགས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་ཐུགས་འཁུར་ཡོང་བའི་རེ་སྐུལ་ཞུས་འདུག
གཞན་ཡང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཅཊ་གྷི་རི་ (Richard Gere) ལགས་ཀྱིས་རྒྱལ་སྤྱིའི་དབུ་ཁྲིད་ཁག་ནས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་འགན་ཁུར་དུ་འཇུག་དགོས་པའི་ནན་བརྗོད་གནང་འདུག ཕྱོགས་མཚུངས་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་ཟུར་པ་སྐུ་ཞབས་ཨི་ནིས་ཀེན་ཊར་ཕྲྀ་ཊོམ་ (Enes Kanter Freedom) ལགས་ཀྱིས་ཁོང་རང་ཉིད་ནས་བོད་དོན་ཐོག་མུ་མཐུད་ཞུ་གཏུག་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུང་འདུག ལྷག་པར་འདུ་འཛོམས་ཐོག་ཡོད་པའི་ནི་དར་ལེནྜ་གྲོས་ཚོགས་འཐུས་མི་རྣམ་གཉིས་ནས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་སྟེ། བོད་དང་བོད་མིར་གདུང་སེམས་མཉམ་སྐྱེད་ཡོད་པ་གསུང་འདུག །