
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༦ ཉིན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༤༢ འཁོར་བའི་དུས་དྲན་མཛད་སྒོ་ཞིག་བཞུགས་སྒར་དྷ་རམ་ས་ལ་མེག་ལོར་དུ་རྟེན་གཞི་བྱས་པའི་དབུས་གཙང་ཆོལ་ཁའི་ཚོགས་ཁང་ནང་སྲུང་བརྩི་ཞུས་གནང་སོང་།
སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆབ་སྲིད་བཙོན་ཟུར་རྩེ་དྲུང་སྐུ་ངོ་བྱམས་པ་བསྟན་འཛིན་ལགས་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག གཞན་སྐུ་མགྲོན་དུ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་དབུས་པའི་རྒྱུན་ལས་རྣམ་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་སེར་སྐྱ་མི་མང་སོགས་ཕེབས་འདུག

དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་སྒེར་ཐོག་ནས་སྐུ་མགྲོན་གཙོ་བོ་དབུས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་གཙོ་བོ་གསུང་དོན། རྒྱ་ནག་དམར་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་བོད་ཀྱི་ལོ་རྒྱུས་ནག་བསུབ་གཏོང་ཐབས་བྱེད་བཞིན་ཡོད་པའི་སྐོར་དང་། དེ་བཞིན་ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཆབ་སྲིད་གནས་སྟངས་ཐོག་ཚང་མས་དོ་སྣང་གནང་གལ་ཆེན་པོ་ཡིན་པ། ལྷག་པར་དུ་གཞུང་ཁོངས་མ་ཡིན་པའི་སྒྲིག་འཛུགས་རྣམས་ནས་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་དང་། བོད་མིའི་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་བྱ་རྒྱུ། བོད་ནང་རྒྱ་དམར་གཞུང་གིས་བོད་མི་རིགས་ཀྱི་བླ་སྲོག་ཆོས་དང་། རིག་གཞུང་། སྐད་ཡིག་རྩ་མེད་བཟོ་བཞིན་ཡོད་སྟབས། རང་དབང་ལུང་པའི་ནང་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོས་མུ་མཐུད་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་དགོས་པ། བོད་ཀྱི་དངོས་ཡོད་ལོ་རྒྱུས་ཤེས་ཐུབ་དགོས་པ། བོད་མི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་གནང་རྒྱུ་གལ་ཆེན་པོ་ཡིན་པ། བཙན་བྱོལ་བོད་མི་ཚང་མས་སོ་སོའི་མི་ཚེའི་འགན་འཁྲི་སོ་སོས་ཁུར་ཐུབ་པ་གནང་དགོས་པ། བོད་མི་ཚང་མས་བོད་མིའི་སྒྲིག་འཛུགས་དང་མི་རིགས་ཀྱི་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་གནང་དགོས་སྐོར། རིགས་གཅིག་རྐང་འཛིན་གྱི་གལ་གནད་དང་བོད་མི་ནང་ཁུལ་ནས་མཐུན་འགྱུར་སྦྱར་ཐབས། དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་ཐོག་ནས་ད་བར་རྒན་རྒོན་དང་། ཆབ་སྲིད་བཙོན་ཟུར་སོགས་ལ་མཐུན་འགྱུར་རོགས་རམ་དང་། ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། མ་འོངས་པར་བོད་ཀྱི་རིག་གནས་དང་། སྐད་ཡིག་སློབ་གཉེར་གནང་མཁན་སོགས་ལའང་མཐུན་འགྱུར་སྦྱར་ཐུབ་ཐབས་གནང་དགོས་སྐོར་སོགས་ཀྱི་ཐོག་གསུངས་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཆབ་སྲིད་བཙོན་ཟུར་རྩེ་དྲུང་སྐུ་ངོ་བྱམས་པ་བསྟན་འཛིན་ལགས་ཀྱིས་གསུང་བཤད་དང་། དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ཚོགས་པའི་ལས་བསྡོམས་སྙན་སྒྲོན་ཞུས་གནང་སོང་བ་བཅས། །







