༄༅། །དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་གུ་ཡངས་ཆབ་སྲིད་ཚོགས་པའི་དབུ་ཁྲིད་སྐུ་ཞབས་མཱརྐ་ཀཱར་ནི་མཆོག་ཁེ་ན་ཌའི་སྐབས་ ༢༤ པའི་སྲིད་བློན་དུ་བསྐོ་གཞག་བྱུང་བར་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད།
དེ་ཡང་འཚམས་འཕྲིན་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཁེ་ན་ཌ་དང་བོད་ཀྱི་འབྲེལ་བ་ནི་ཕྱི་ལོ ༡༩༧༠ ཙམ་ལ་བཙན་བྱོལ་བོད་མི་རྣམས་ཁེ་ན་ཌར་གཞིས་སྤོ་ལས་གཞི་བརྒྱུད་འབྲེལ་ལམ་ཚུགས་ཡོད། ཁེ་ན་ཌའི་སྲིད་གཞུང་ནས་བོད་མི་གཞིས་སྤོ་ལས་གཞི་ཙམ་མ་ཟད་བཙན་བྱོལ་བོད་མིའི་འཚོ་བ་བསྐྱར་བསྐྲུན་གྱི་ལས་དོན་ཐོག་རྒྱབ་སྐྱོར་གནང་བ་དེའི་བརྒྱུད་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་བཅས་མི་ཉམས་རྒྱུན་འཛིན་ཐོག་མཐུན་འགྱུར་རམ་འདེགས་གནང་ཡོད། ཅེས་དང་།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྲིད་བློན་གསར་པའི་དབུ་ཁྲིད་འོག་ཡུན་རིང་གི་མཛའ་འབྲེལ་དམ་གཟབ་ཏུ་གཏོང་བ་དང་གཉིས་མོས་ཀྱི་འགན་འཁྲི་མུ་མཐུད་གོང་མཐོར་གཏོང་བའི་ཐུགས་རེ་གནང་འདུག